གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་གཞུང་གིས་ དྲུང་ཆེན་༣་ རྩིས་སྤྲོད་འབད་ཡོད་མི་ཚུ་ རྩིས་མི་ལེན་ནི་ཨིནམ།

སྤྱི་ཟླ་༡༢ པའི་ཚེས་ ༢༩ ༢༠༡༤

RCSC-3Secretaries༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་བཀོད་མི་ནང་ གཞུང་གིས་ དྲུང་ཆེན་༣་ ལྷན་ཚོགས་ལུ་ རྩིས་སྤྲོད་འབད་ཡོད་མི་ཚུ་ རྩིས་མི་ལེན་ཟེར་ཨིན་མས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་ གནས་ཚུལ་གསར་བཏོན་གཅིག་དང་འཁྲིལཝ་ད་ ལྷན་རྒྱས་གཞུང་ཚོགས་ཀྱི་ཁ་ཐུག་ལས་ ཞི་གཡོག་གི་ཁྲིམས་ལུགས་དང་འཁྲིལ་དགོ་པའི་ཁར་ དྲུང་ཆེན་༣་ལུ་ ཉེས་འཛུགས་བཀོད་མི་ཚུ་གི་ ཁ་གསལ་དང་སྒྲུབ་བྱེད་ཚུ་ སྦྲག་སྟེ་སྦེ་ སྤྲོད་དགོ་ཟེར་ཨིན་མས།

ལྷན་ཚོགས་ཀྱིས་བཀོད་མི་ནང་ དེ་སྦེ་ འབད་དགོ་མི་འདི་ཡང་ རྩ་ཁྲིམས་ཆེན་མོ་དང་ འབྲུག་གི་ཞི་གཡོག་བཅའ་ཁྲིམས་༢༠༡༠་ཅན་མ་ དེ་ལས་ འབྲུག་གི་ཞི་གཡོག་ཁྲིམས་ལུགས་དང་ སྒྲིག་གཞི་༢༠༡༢་ཅན་མ་ཚུ་གི་ དགོངས་དོན་དང་འཁྲིལ་ཏེ་ ཨིནམ་སྦེ་བཀོད་ནུག

གནས་ཚུལ་གསར་བཏོན་འདི་དང་འཁྲིལཝ་ད་ ད་ལས་ཕར་ རྩོད་རྙོགས་འདི་ སེལ་མ་ཚར་ཚུན་ཚོད་ ཁོང་དྲུང་ཆེན་༣་ལུ་ ཐོང་ཐངས་འདི་ཚུ་ འཐོབ་སྟེ་ར་སྡོད་འོང་ཟེར་ཨིན་མས།

ཁོང་དྲུང་ཆེན་༣་འདི་ སྤྱི་ཟླ་འདི་གི་སྤྱི་ཚེས་༡༢་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན།

དེ་ཡང་ དྲུང་ཆེན་ཚུ་གིས་ ཁོང་རའི་ འགན་དབང་དང་ ཁྲིམས་ལུགས་ལས་འགལ་ཡོད་མི་དང་ དྲུང་ཆེན་ཚོགས་ཆུང་གི་གཙུག་སྡེ་འདི་ལོག་སྤྱོད་འབད་ཡོད་མི་ དེ་ལས་ གཞུང་གི་ངོ་ཚབ་སྦེ་ ཚུལ་མིན་གྱི་ལཱ་འབད་ཡོད་མི་དང་ དྲུང་ཆེན་ཚོགས་ཆུང་ནང་ གྲོས་བསྡུར་བྱུང་མི་ཚུ་གི་སྐོར་ལས་ བློན་ཆེན་ལུ་ སྙན་ཞུ་མ་ཕུལ་མི་ལུ་བརྟེན་ཏེ་ཨིན་མས།

འདི་ལུ་ གཞུང་གི་ཁ་ཐུག་ལས་འབད་བ་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འབད་མི་འདི་ལུ་ ངོས་ལེན་ཡོདཔ་སྦེ་ཨིན་མས།

འདི་ཡང་ གཞུང་ལས་གནས་ཚུལ་གསར་བཏོན་གཅིག་གནང་མི་དང་འཁྲིལ་བ་ཅིན་ གཞུང་གིས་ཧོངས་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ དྲུང་ཆེན་༣་ལུ་ ཉེས་འཛུགས་བཀོད་མི་ཚུ་གི་ཁ་གསལ་དང་སྒྲུབ་བྱེད་ཚུ་འབྱིན་ཏེ་ མཉམ་འབྲེལ་ག་དེ་དྲག་དྲག་འབད་ནི་སྦེ་ཡོད་ཟེར་བཀོད་དེ་སྦེ་འདུག

འདི་ཡང་ ལྷན་ཚོགས་འདི་གིས་ ཁྲིམས་ལུགས་དང་འཁྲིལ་ཏེ་སྦེ་ ཁོང་དྲུང་ཆེན་གསུམ་གྱི་གནོད་དོན་གུར་ འགན་དབང་ཚུ་ སྤྱོད་ཚུགས་ནི་གི་དོན་ལས་ཨིནམ་སྦེ་བཀོད་ནུག

གཞུང་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ རྩིས་སྤྲོད་འབད་མི་དྲུང་ཆེན་གསུམ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དྲག་ཤོས་ དཔལ་ལྡན་དབང་ཕྱུག་དང་ བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲག་ཤོས་ བསོད་ནམས་ཚེ་རིང་ དེ་ལས་ ཕྱི་འབྲེལ་དྲུང་ཆེན་ ཡེ་ཤེས་རྡོ་རྗེ་ཚུ་ཨིན།