སྐོར་ཕུག་རྒེད་འོག་ལྟེ་བའི་ལམ་ རྩི་ནག་བཏང་ནི་ཨིནམ།
སྤྱི་ཟླ་༡༡ པའི་ཚེས་ ༢༨ ༢༠༢༠
༉ ཀྲོང་གསར་ལུ་ ད་ལྟོ་ཚུན་ཚོད་ བསྒུག་སྟེ་ར་ཡོད་མི་ སྐོར་ཕུག་རྒེད་འོག་ལྟེ་བའི་ལམ་ རྩི་ནག་བཏང་ནི་འདི་ ཤུལ་མའི་ཟླཝ་ནང་ལས་ འགོ་བཙུགས་ནི་ཨིན་མས།
དེ་ལས་ སྤྱི་ལོ་༢༠༢༡་གི་ སྤྱི་ཟླ་དང་པའི་ནང་ལས་ མི་ཚུ་གིས་ རྩི་ནག་བཏང་སྟེ་ཡོད་པའི་ ལམ་འདི་བདའ་སྟེ་འགྱོ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་དང་ འདི་ཡང་ མི་ཚུ་གིས་སླབ་མི་ནང་ གྲོང་གསེབ་ཀྱི་ མི་སྡེ་དཔལ་འབྱོར་གྱི་གནས་ཚད་ ཡར་དྲག་བཏང་ནིའི་དོན་ལུ་ མེད་ཐབས་མེདཔ་ཅིག་ཨིན་ཟེར་བཤད་ཅི།
ད་རེས་ རྒེད་འོག་ལྟེ་བའི་ལམ་བདའ་སྟེ་ རྡོ་རུག་ཞིབ་ནི་དང་ མཐའམ་བདའ་སྟེ་ གཡུར་བ་སེལ་ནིའི་ལཱ་ཚུ་ འབད་བའི་བསྒང་ར་འདུག
ལམ་འདི་ ལོ་༡༠་དེ་ཅིག་གི་ཧེ་མ་ལས་ སེལ་ཡོདཔ་ཨིན་རུང་ རྩི་ནག་བཏང་ནི་གི་ཐད་ཁར་ ཁ་འབགཔ་ཚུ་གི་ཁ་ཐུག་ལས་ ལཱ་གི་གྲུབ་འབྲས་བཏོན་ནི་མེདཔ་ལས་ ཁ་འབགཔ་ཚུ་ཡང་ ཆ་མེད་བཏང་དགོཔ་འཐོན་ནུག
ད་རེས་ཀྱི་ཁ་འབགཔ་འདི་གིས་ ལཱ་འདི་ ན་ཧིང་རྩིས་ལེན་ཡོདཔ་དང་ ཁོ་གི་ཁ་ཐུག་ལས་ རྩི་ནག་བཏང་ནིའི་ལཱ་ཚུ་ སྤྱི་ལོ་༢༠༢༡་གི་ སྤྱི་ཟླ་༢་པའི་ཞག་དུས་འདི་ མ་རྫོགཔ་ལས་ འབད་ཚར་བའི་རེ་བ་འདུག
ཁ་འབགཔ་ བསམ་ལྡན་གྱིས་སླབ་མི་ནང་ ཆརཔ་མ་ཆད་པ་ར་རྐྱབ་མི་དང་ ནད་ཡམས་ ཀོ་ཝིཌ-19 ལུ་བརྟེན་ ལས་མི་མ་ལང་པའི་དཀའ་ངལ་འཐོན་ཡོདཔ་ལས་ ལཱ་གི་གྲུབ་འབྲས་ལུ་ བར་ཆད་བྱུང་ཡོདཔ་ཨིན་རུང་ ད་རེས་ ལཱ་ཚུ་ལེགས་ཤོམ་སྦེ་འགྱོ་དོ་ཟེར་ཨིན་མས།
ས་གནས་ཀྱི་མི་ཚུ་གིས་སླབ་མི་ནང་ རྒེད་འོག་ནང་འགྱོ་བའི་སྐབས་ ལམ་གྱི་གནས་སྟངས་སྐྱོ་དྲག་སྦེ་ཡོདཔ་མ་ཚད་ ལམ་འདི་བདའ་སྟེ་ ས་རུད་ཆདཔ་ཆད་ས་ར་སྡོད་འོང་ཟེར་བཤད་ཅི།
འཕྲལ་ཕྲལ་སྐབས་ བདུན་ཕྲག་ལས་བཅད་དེ་ རྫོང་ཁག་གི་ ས་གནས་གཞན་ཚུ་དང་ཅིག་ཁར་ འབྲེལ་བ་མེདཔ་སྦེ་ལུས་དོ་ཡོདཔ་སྦེ་ཨིན་མས།
ཀི་ལོ་མི་ཀྲར་ ༡༩་དང་ཕྱེད་འབད་མི་ སྐོར་ཕུག་གི་རྒེད་འོག་ལྟེ་བའི་ལམ་འདི་ ཀྲོང་གསར་དང་གཞལ་སྒང་གི་གཞུང་ལམ་ཁར་ ས་གནས་ དབང་འདུས་སྒང་ཟེར་ས་ལས་ འགོ་བཙུགས་ཏེ་ མནའ་སྦིས་ལུ་ཡོད་པའི་ རྒེད་འོག་བདག་སྐྱོང་ཡིག་ཚང་ཚུན་ཚོད་ཨིན་མས།
ལམ་འདི་གི་ རྒེད་འོག་འདི་ནང་གི་ ཁྱིམ་གུང་པ་༢༠༠་དེ་ཅིག་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་མས།
གནས་ཚུལ་བསྡུ་ལེན་པ་ པ་སངས། ཀྲོང་གསར།







རྒྱང་བསྒྲགས་དང་མཐུད་འབྲེལ།