གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༨

ཕྱི་རྒྱལ་ལུ་སྡོད་མི་ཚུ་ འགྲེམ་ཐོག་ཚོགས་རྒྱན་དུས་ཚོད་ཁ་ལུ་ ག་དེ་སྦེ་ལྷོད་ཚུགས་ག་ཟེར་བའི་ཚ་གྱང་ལང་སྟེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༡ ༢༠༢༠

བུམ་ཐང་ ཆོས་འཁོར་སྟང་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུ་དོན་ལས་ ཕྱི་རྒྱལ་ལུ་ཡོད་པའི་ཁྱད་ཚད་ལྡན་པའི་ཚོགས་རྒྱན་བསྐྱུར་མི་དང་ ལྷག་པར་དུ་ ཨཱས་ཊི་ལི་ཡ་ལུ་སྡོད་མི་ཚུ་ ཁོང་གི་འགྲེམ་ཐོག་ཚོགས་རྒྱན་ཚུ་ དུས་ཚོད་ཁ་ལུ་ ལྷོད་མ་ཚུགས་པར་ལུས་ནི་མས་ཟེར་ ཚ་གྱང་ལང་སྟེ་འདུག

 དུས་མིན་བཙག་འཐུ་གི་དོན་ལས་ འགྲེམ་ཐོག་ཚོགས་རྒྱན་འདི་ སྤྱི་ཟླ་༡༡པའི་སྤྱི་ཚེས་༡༨གི་ཚེ་ ལྷོད་དགོ་ནི་ཨིན་མས།

 དུས་མིན་བཙག་འཐུ་གི་དོན་ལས་ ཕྱི་རྒྱལ་ལས་ཕར་སྡོད་མི་མི་ངོམ་༡༣༣གྱིས་ ཐོ་བཀོད་འབད་དེ་ཡོད་ས་ལས་ ཡུདཔ་ཅིག་ ༡༠༠དེ་ཅིག་རང་ ཨཱས་ཊི་ལི་ཡ་ལུ་ཡོདཔ་ཨིན་མས།

 ཨཱས་ཊི་ལི་ཡ་ལུ་སྡོད་མི་ཚུ་གིས་སླབ་མི་ནང་ འགྲེམ་ཐོག་གི་ཞབས་ཏོག་འབྱིན་མི་ལས་སྡེ་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཕྱི་སུ་ཅིག་སྦེ་ལྷོད་པ་ཅིན་ ཉེན་ཁ་ཁོང་གིས་མི་འབག་ཟེར་ ངོས་ལེན་འབད་མི་བཏུབ་པས་ཟེར་བཤད་ཅི།

 ད་རུང་ ཁོང་གིས་འབད་བ་ཅིན་ ཨཱས་ཊི་ལི་ཡ་ལས་ གནམ་གྲུ་དེ་ཅིག་རང་ འཕུར་ནི་མེདཔ་ལས་ ཁོང་འགྲེམ་གྱི་ཞབས་ཏོག་འབྱིན་མི་ཚུ་གིས་བཀོད་མི་ནང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བུམ་ཐང་ཚུན་ཚོད་བསྐྱེལ་བ་ལུ་ ཉིནམ་༡༥ལས་༢༠གི་བར་ན་འགོར་འོང་ཟེར་བཤདཔ་མས་ཟེར་ཨིན་མས།

འདི་ལུ་ ཆོས་འཁོར་སྟང་འདེམས་ཁོངས་ཀྱི་ངོས་ལེན་འགོ་དཔོན་ འཇམ་དཔལ་རྡོ་རྗེ་གིས་སླབ་མི་ནང་ ཕྱི་རྒྱལ་ལས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ མགྱོགས་སུ་ཅིག་སྦེ་ལྷོད་ཚུགསཔ་སྦེ་འབད་ནི་གི་དོན་ལས་ བཙག་འཐུ་ལྷན་ཚོགས་དང་ཅིག་ཁར་ ཐབས་ལམ་ཚུ་བཏོན་པའི་བསྒང་རང་ཡོདཔ་སྦེ་བཤད་ཅི།

 ཐབས་ལམ་འདི་ཡང་ ཅིག་འདི་ ཨཱས་ཊི་ལི་ཡ་ལུ་ ངོས་ལེན་འགོ་དཔོན་འོགམ་ཅིག་བཀལ་ཞིན་ན་ གྲངས་རྩིས་ལྟེ་བ་ཅིག་ཡང་ གཞི་བཙུགས་འབད་ནི་ཨིན་མས།

 ངོས་ལེན་འགོ་དཔོན་གྱིས་སླབ་མི་ནང་ གནད་དོན་འདི་གི་སྐོར་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ནངས་པ་ གསལ་བསྒྲགས་འབད་ནི་སྦེ་ཡོད་ཟེར་བཤད་ཅི།

  འགྲེམ་ཐོག་ཚོགས་རྒྱན་འདི་ དུས་ཚོད་ཀྱི་ཁྱད་པར་ལུ་བལྟ་སྟེ་ གཟའ་ལྷགཔ་གི་ཚེ་ ཡོངས་འབྲེལ་ཁ་བྱང་ནང་ལུ་ བཏང་ཡོདཔ་སྦེ་ཨིན་མས།

 འདི་འབདཝ་ ཕྱི་རྒྱལ་ལུ་ཡོད་པའི་མི་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་འདི་ ཁོང་རའི་ཡོངས་འབྲེལ་ཁ་བྱང་ནང་ལས་ པར་བཏབ་ཞིན་ན་ བསྐྱུར་དགོ་ནི་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ སྐྱིདཔ་ཅུ།