སྐྱབས་རྗེ་ཞིང་གཤེགས་ཁྲི་རབས་༦༨པ་མཆོག་གི་སྐུ་གདུང་ སྤུ་ན་ཁ་ལུ་ཕེབས་གནང་སྟེ་ཡོདཔ།
སྤྱི་ཟླ་༡༠ པའི་ཚེས་ ༣༡ ༢༠༢༠
༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ད་རིས་ སྐྱབས་རྗེ་ཞིང་གཤེགས་ཁྲི་རབས་༦༨པ་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་གི་སྐུ་གདུང་ སྤུ་ན་ཁ་ལུ་ཕེབས་གནང་པའི་སྐབས་ལུ་ ཕེབས་བསུ་མཛད་གནང་ཡི།
སྐྱབས་རྗེ་ཞིང་གཤེགས་མཆོག་གི་སྐུ་གདུང་ ཐིམ་ཕུག་ རྟ་མགོ་རྡོར་གདན་ན་ལས་ སྤུ་ན་ཁ་རྫོང་ནང་ལུ་གདན་འདྲེན་ཞུ་བའི་སྐབས་ལུ་ གཞུང་ལམ་བདའ་སྟེ་ དད་ཅན་གྱི་མི་ལེ་ཤ་ཅིག་གིས་རང་ དབང་ཚུ་ཞུ་སྟེ་ཡོདཔ་ཨིན།
སྐྱབས་རྗེ་ཞིང་གཤེགས་མཆོག་གི་སྐུ་གདུང་འདི་ སྤུ་ན་ཁ་རྫོང་ནང་ལུ་ ཕེབ་གནང་པའི་ཤུལ་ ཀུན་རས་ནང་ལུ་ གདན་འདྲེན་ཞུ་སྟེ་ཡོདཔ་ཨིན།
སྐུ་གདུང་གདན་འདྲེན་ཞུ་བའི་སྐབས་ བློན་ཆེན་དང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ཡང་ ཕྱག་ཞུ་སྟེ་ཡོདཔ་ཨིན།
སྐྱབས་རྗེ་ཞིང་གཤེགས་མཆོག་གི་སྐུ་གདུང་འདི་ ཀུར་རས་ནང་ལུ་བཞུགས་པའི་རིང་ དད་ཅན་གྱི་མི་ཚུ་གིས་ སྨོན་འདེབས་དང་གུས་སྟུད་ཚུ་ ཕུལ་ཚུགས་ནི་ཨིན་མས།
སྐུ་གདུང་འདི་ ད་ས་དྲོ་པ་ཧ་སག་ ཐིམ་ཕུག་ རྟ་མགོ་རྡོར་གདན་ན་ལས་ གདན་འདྲེན་ཞུ་ཡོདཔ་ད་ དེ་བསྒང་ མི་སྡེ་བརྡ་བརྒྱུད་ཕེས་བུཀ་ནང་ལུ་ དངོས་མཐོང་སྦེ་ མཇལ་ཁ་གནང་སྟེ་ཡོདཔ་ཨིན།
སྐྱབས་རྗེ་ཞིང་གཤེགས་མཆོག་ དབང་འདུས་ཕོ་བྲང་ལས་ཨིནམ་ད་ སྐྱབས་རྗེ་མཆོག་གིས་ སྤྱི་ལོ་༡༩༨༦ལས་༡༩༩༠ཚུན་ཚོད་ འབྲུག་གི་རྗེ་མཁན་ཁྲི་རབས་༦༨པ་སྦེ་ ཕྱག་ཞུ་ནུག
དགུང་ལོ་༩༦བཞེས་ཏེ་ཡོད་མི་ སྐྱབས་རྗེ་ཁྲི་ཟུར་ ཞིང་གཤེགས་རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་ རང་ལུགས་གནམ་ལོ་ལྕགས་ཕོ་བྱི་ལོ་ རང་ཟླ་༢པའི་ཚེས་༡༥འམ་ སྤྱི་ཟླ་༤པའི་སྤྱི་ཚེས་༨ལུ་ ཐིམ་ཕུག་རྡོར་གདན་ན་ལུ་ཡོད་པའི་ གཟིམ་ཅུང་ནང་སྦེ་ ཞིང་འཕེབས་གནང་སྟེ་ཡོདཔ་ཨིན།
སྐྱབས་རྗེ་ཞིང་གཤེགས་མཆོག་གི་སྐུ་གདུང་འདི་ ཤུལ་མའི་ཟླཝ༌གི་སྤྱི་ཚེས་༧ལུ་ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་དང་འབྲེལ་ སྤུ་ན་ཁ་རྫོང་གི་རྡོ་གཅལ་ནང་ལུ་སྦེ་ སྤུར་སྦྱང་ཕུལ་ནི་ཨིན་མས།
གནས་ཚུལ་བསྡུ་ལེན་པ་ བཅོ་ལྔ་རྡོ་རྗེ།







རྒྱང་བསྒྲགས་དང་མཐུད་འབྲེལ།