གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༨

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ང་བཅས་རའི་འགན་ཁུར་ཟེར་མི་ཐབས་ཤེས་འདི་ འགོ་འབྱེད་མཛད་གནང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༢༠

༉ གསོ་བའི་ལྷན་ཁག་དང་འཁྲིལ་པ་ཅིན་ ད་ལྟོ་ཚུན་ཚོད་ ནད་ཡམས་ཀོ་ཝིཌ་ནའིན་ཊིན་གྱི་དོན་ལུ་ སྨན་ཁབ་དང་སྨན་བཅོས་ཚུ་ ག་ནི་ཡང་འཐོན་ཏེ་མེདཔ་ལས་ ནད་ཡམས་ལུ་ གདོང་ལེན་འབད་ནི་གི་འགན་ཁུར་འདི་ འབྲུག་མི་རེ་རེ་བཞིན་དུ་ལུ་ ཕོགཔ་ཨིན་ཟེར་ཨིན་མས།

འདི་འབདཝ་ལས་ འབྲུག་མི་ཚུ་ལུ་ འགན་ཁུར་འདི་གི་སྐོར་ལས་ དྲན་སྐུལ་འབད་ནི་གི་དོན་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ད་རིས་ ཐིམ་ཕུག་ བཀྲ་ཤིས་ཆོས་རྫོང་ནང་ལུ་སྦེ་ ང་བཅས་རའི་འགན་ཁུར་ཟེར་མི་ཐབས་ཤེས་འདི་ འགོ་འབྱེད་མཛད་གནང་ཡི།

ཐབས་ཤེས་འདི་གིས་ ད་རེས་ཀྱི་ནད་ཡམས་ལུ་ གདོང་ལེན་འབད་ནི་ནང་ མི་ཚུ་གི་ནང་འཁོད་ འགན་ཁུར་དང་འགན་འཁྲི་ཚུ་ གཅིག་རུབ་ཀྱི་ཐོག་ལས་འབག་བཅུག་ནི་ནང་ དམིགས་གཏད་བསྐྱེདཔ་ཨིན་མས།

ད་རེས་ ནད་ཡམས་ཀྱི་གནས་སྟངས་ནང་ འབྲུག་ཚུ་གིས་ ཁས་བླངས་དང་འགན་ཁུར་ཚུ་ འབག་སྟེ་རང་ཡོདཔ་ཨིན་རུང་ གཞུང་གིས་བཀོད་མི་ནང་ འབྲུག་མི་རེ་རེ་བཞིན་དུ་གིས་ རྒྱབ་སྐྱོར་ཚུ་ འཕྲོ་མཐུད་དེ་རང་ འབད་དགོཔ་ཁག་ཆེ་ཟེར་ཨིན་མས།

ད་རེས་ཀྱི་ཟླཝ་འགོ་བཙུགས་ཁམས་ཅིག་ཁར་ གནས་ཚུལ་ཞལ་འཛོམས་ཅིག་ཚོགས་པའི་སྐབས་ གསོ་བའི་བློན་པོ་བདེ་ཆེན་དབང་མོ་གིས་ རྒྱལ་ཁབ་ལེ་ཤ་ཅིག་ནང་རང་ མི་དམངས་ཀྱི་ས་སྒོ་ཚུ་ནང་ ཁ་རས་ལག་ལེན་མ་འཐབ་མི་བཟུམ་གྱི་ སྒྲིག་གཞི་ལས་བརྒལ་མི་ཚུ་ལུ་ ཉེས་བྱ་ཚུ་བཀལ་ནི་འགོ་བཙུགས་ཏེ་ཡོདཔ་ཨིན་རུང་ ང་བཅས་རའི་འགན་ཁུར་འདི་ ཡུན་བརྟན་གྱི་ཐབས་ཤེས་ཅིག་སྦེ་འོང་ཟེར་ གསུངས་གནང་སྟེ་ཡོདཔ་ཨིན།

འདི་བཟུམ་སྦེ་ བློན་པོ་གིས་གསུངས་མི་ནང་ ད་རེས་ཀྱི་ཐབས་ཤེས་འདི་ འབྲུག་རྒྱལ་ཁབ་སྒྲིང་སྒྲིང་བཟོ་ནི་ནང་ གཅིག་རུབ་ཀྱི་དམིགས་དོན་ཅིག་ཨིནམ་ལས་ ཐབས་ཤེས་འདི་ལས་བརྟེན་ མི་ཚུ་གིས་ འགན་ཁུར་དང་འགན་འཁྲི་ཚུ་ ཁོང་རང་གིས་སྦེ་ འབག་ཚུགས་པའི་རེ་བ་ཡོད་ཟེར་ཨིན་མས།

ཐབས་ཤེས་འདི་གི་ཆ་ཤས་ཅིག་སྦེ་ གཞུང་གི་ཁ་ཐུག་ལས་ མི་དམངས་དང་ དམིགས་བསལ་གྱིས་རང་ ན་གཞོན་ཚུ་ལུ་ གོ་བརྡ་སྤེལ་ནི་གི་དོན་ལས་ མི་སྡེ་བརྡ་བརྒྱུད་མ་འདྲཝ་སྦེ་ལག་ལེན་འཐབ་མི་ཚུ་ འབྲེལ་གཏོགས་འབད་དེ་བཞག་ནི་ལུ་ བལྟ་དོ་ཡོདཔ་ཨིན་མས།

འདི་དང་གཅིག་ཁར་ མི་རེ་རེ་བཞིན་དུ་གིས་འབག་དགོ་པའི་ འགན་ཁུར་ཚུ་གི་སྐོར་ལས་འཁོད་དེ་ཡོད་མི་ སྦྱར་ཡིག་ཚུ་ཡང་ རྒྱལ་ཁབ་ནང་འཁོད་ལུ་ཡོད་པའི་ བརྡ་བྱང་ཚུ་གུ་ལས་ཕར་ སྦྱར་ནི་ཨིན་མས།