གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༨

སྲུང་སྐྱོབས་ས་ཁོངས་ཀྱི་ཕྱི་ཁར་ལས་ཕར་ཡོད་པའི་ སྐྱེ་ལྡན་རིགས་སྣ་ཚུ་ཉམས་སྲུང་འབད་ནི་དང་ ལས་འགུལ་གཅིག་ འགོ་འབྱེད་འབད་དེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༢༠

༉ འབྲུག་རྒྱལ་ཁབ་ནང་ སྲུང་སྐྱོབས་ས་ཁོངས་ཀྱི་ཕྱི་ཁར་ལས་ཕར་ཡོད་པའི་ སྐྱེ་ལྡན་རིགས་སྣ་ཚུ་ ཉམས་སྲུང་འབད་ནི་དང་ ས་ཁོངས་འདི་ནང་ལས་ཕར་སྡད་མི་ཚུ་གི་ འཚོ་བའི་གནས་སྟངས་ཚུ་ ཡར་དྲག་བཏང་ནི་གི་དོན་ལུ་ འབྲུག་ལུ་ཡོད་པའི་ འཛམ་གླིང་རི་དྭགས་མ་དངུལ་དང་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ ལི་བིང་ལེན་ཨིསི་ཀེབསི་ཟེར་མི་ ལས་འགུལ་གཅིག་ འགོ་འབྱེད་འབད་དེ་འདུག

ཡུ་རོ་ས་ཡ་ ༡༠ གནས་པའི་ལས་འགུལ་འདི་ཡང་ ལྷོ་ཕྱོགས་དང་ནུབ་ཕྱོགས་ཀྱི་ རྫོང་ཁག་ ༩ གི་ནང་ལས་ཕར་ བསྟར་སྤྱོད་འབད་ནི་ཨིན་མས།

ལས་འགུལ་འདི་གི་དོན་ལུ་ མ་དངུལ་རྒྱབ་སྐྱོར་འདི་ཡང་ ཇར་མ་ནི་ལུ་ཡོད་པའི་ ཨིན་ཊར་ནེཤ་ནལ་ཀལེའི་མེཊ་ཨི་ནི་ཤེ་ཀྲིཕི་ཟེར་མི་ རྒྱལ་སྤྱིའི་གནམ་གཤིས་འགོ་འདྲེན་གྱིས་ འབད་དོ་ཡོདཔ་ཨིན་མས།

ངོས་འཛིན་འབད་ཡོད་པའི་རྫོང་ཁག་ཚུ་ཡང་ ཆུ་ཁ་དང་སྤ་རོ་ དེ་ལས་ ཐིམ་ཕུག་དང་བསམ་རྩེ་ འདི་བཟུམ་སྦེ་ དར་དཀར་ན་དང་རྩི་རང་ ད་རུང་ གསར་སྤང་དང་གཞལ་སྒང་རྫོང་ཁག་ཚུ་ཨིན་མས།

ལས་འགུལ་འདི་ནང་ ཉམས་སྲུང་གི་བརྩི་མཐོང་མཐོ་ཤོས་དང་ རྒྱལ་ཡོངས་ས་ཆ་བཀལ་སྤྱོད་ཀྱི་མ་དོ་བར་ ནགས་ཚལ་ཡིག་ཚང་ ༨ ཀྱི་དོན་ལུ་ འཕྲུལ་རིག་དང་གཙུག་སྡེ་གོང་འཕེལ་བཏང་ནི་ དེ་ལས་ གྲོང་གསེབ་མི་སྡེ་ཚུ་གི་ འཚོ་བའི་གནས་སྟངས་ཡར་དྲག་བཏང་ནི་ཚུ་ཚུདཔ་ཨིན་མས།

 འདི་འབདཝ་ལས་ ཐབས་ལམ་འདི་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་འབད་ནི་ནང་ འབྲེལ་མཐུན་ཡོད་པའི་ཐབས་ལམ་ཅིག་སྦེ་འོང་ནི་ཨིན་མས།

ལས་འགུལ་འགོ་འབྱེད་ཀྱི་སྐབས་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ ཧེ་མ་ལས་ཡོད་པའི་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་འདི་གིས་ སྲུང་སྐྱོབས་ཀྱི་ས་ཁོངས་ཚུ་ནང་ མང་སུ་ཅིག་སྦེ་གཙོ་རིམ་བཟུང་སྟེ་ཡོདཔ་ལས་ ད་རེས་ སྲུང་སྐྱོབས་ས་ཁོངས་ཀྱི་ཕྱི་ཁར་ལས་ཕར་ གཙོ་རིམ་བཟུང་དགོཔ་ཡོད་ཟེར་ཨིན་མས།

ལས་འགུལ་འདི་ཡང་ འབྲུག་ལུ་ཡོད་པའི་ འཛམ་གླིང་རི་དྭགས་མ་དངུལ་དང་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ ཤུལ་མའི་ལོ་ ༨ ཀྱི་རིང་ བསྟར་སྤྱོད་འབད་ནི་ཨིན་མས།