གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

མར་ཁུའི་གོང་ཚད་ ད་རུང་རང་ ཡར་སེང་སོང་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༠

༉ རྒྱལ་ཁབ་ནང་ལུ་ མར་ཁུའི་གོང་ཚད་ཚུ་ ཡར་སེང་འབད་དེ་ བདུན་ཕྲག་༢་འགྱོ་བའི་ཤུལ་ལུ་ ད་རུང་རང་ གོང་ཚད་ཚུ་ཡར་སེང་འགྱོ་སྟེ་ཡོདཔ་ཨིན།

རྒྱལ་ས་ལུ་འབད་བ་ཅིན་ མར་ཁུ་ པེ་ཀྲཱོལ་ལི་ཀྲར་རེ་ལུ་ དངུལ་ཀྲམ་༣་དང་ཕྱེད་ཀྲམ་༥༦་གི་ ཡར་སེང་སོང་ཡོདཔ་ད་ དྲི་ཟཱིལ་འབད་བ་ཅིན་ ལི་ཀྲར་རེ་ལུ་ དངུལ་ཀྲམ་༢་དང་ཕྱེད་ཀྲམ་༩༡་གི་ ཡར་སེང་སོང་ཡོདཔ་ཨིན།

ཁ་ཙ་ལས་འགོ་བཙུགས་ཏེ་ཡོད་མི་ མར་ཁུའི་གོང་ཚད་ཡར་སེང་དང་འཁྲིལཔ་ད་ རྒྱལ་ས་ལུ་ པེ་ཀྲཱོལ་ལི་ཀྲར་རེ་ལུ་ དངུལ་ཀྲམ་༥༦་དང་ཕྱེད་ཀྲམ་༥༦་རེ་གནས་དོ་ཡོདཔ་ད་ དྲི་ཟཱིལ་འབད་བ་ཅིན་ ལི་ཀྲར་རེ་ལུ་ དངུལ་ཀྲམ་༥༥་དང་ཕྱེད་ཀྲམ་༢༢་རེ་གནསཔ་ཨིན་མས།

མར་ཁུའི་གོང་ཚད་ཡར་སེང་འགྱོ་མི་འདི་ཡང་ རྒྱལ་སྤྱིའི་ནང་ལུ་ རྒྱལ་ཁབ་མང་ཤོས་ཅིག་གིས་ མི་ཚུ་ཕྱི་ཁར་འཐོན་ནི་དང་ ཕར་ཚུར་རྒྱུན་འགྲུལ་འཐབ་ནི་ བཀག་ཆ་འབད་དེ་ཡོད་མི་ཚུ་ ཡང་ཆགས་འབད་བའི་ཤུལ་ལུ་ མར་ཁུའི་མཁོ་འདོད་བསྐྱེད་མི་ ཡར་སེང་འགྱོ་མི་དང་ ཚོང་འབྲེལ་འདི་ཚུ་ ལོག་སྟེ་འགོ་བཙུགས་དོ་ཡོད་མི་ལུ་བརྟེན་ཨིནམ་སྦེ་བཀོད་ནུག

སྤྱི་ཟླ་༥་པ་བར་ཁམས་ཅིག་ལས་ ནད་ཡམས་ཀོ་ཝིཌ་-༡༩ ལུ་བརྟེན་ མར་ཁུའི་གོང་ཚད་འདི་ཚུ་ མར་ཕབ་འགྱོ་ནི་འགོ་བཙུགས་ཡོདཔ་ཨིན།

ཨིན་རུང་ གོང་ཚད་ཕབ་ཆགས་ཡོད་པའི་ མེ་རླུང་རྒྱ་རྫི་གི་ གོང་ཚད་འདི་ མར་ཕབ་འགྱོ་སྟེ་ཡོདཔ་ཨིན།

ཐིམ་ཕུག་ལུ་ མེ་རླུང་རྒྱ་ཛི་རེ་ལུ་ དངུལ་ཀྲམ་༥༣་གི་མར་ཕབ་སོང་སྟེ་ ད་རེས་ རྒྱ་ཛི་རེ་ལུ་ དངུལ་ཀྲམ་༦༡༧་རེ་གནས་དོ་ཡོདཔ་ཨིན།

ཨིན་རུང་ གོང་ཚད་ཕབ་ཆགས་མེད་པའི་ མེ་རླུང་རྒྱ་ཛི་གི་གོང་ཚད་འདི་འབད་བ་ཅིན་ དངུལ་ཀྲམ་༡༦་གི་ ཡར་སེང་སོང་སྟེ་འདུག

 

གནས་ཚུལ་བསྡུ་ལེན་འབད་མི་ པ་སངས་རྡོ་རྗེ།

ཐིམ་ཕུག