གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

ནད་ཡམས་ལུ་བརྟེན་ ཆང་དང་སྨྱོ་རྫས་ལུ་ ལང་ཤོར་ཐལ་བའི་ཤུལ་ སྨན་བཅོས་འབད་དགོ་མནོ་མི་ ཨམ་སྲུ་ཚུ་ལུ་ ཀུན་སྤྱོད་བསྐྱར་གསོའི་ཞབས་ཏོག་ འཐོབ་མ་ཚུགསཔ།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༠

༉ ནད་ཡམས་ཀོ་ཝིཌ-༡༩ འདི་གིས་ མི་སྡེའི་ནང་ལུ་ མི་ཡོད་ཚད་གཅིགཔོ་ལུ་ ཐོ་ཕོགས་ཏེ་ཡོདཔ་ཨིན།

སྨྱོ་རྫས་དང་ཆང་ལུ་ ལང་ཤོར་ཐལ་བའི་ཤུལ་ལུ་ ཀུན་སྤྱོད་བསྐྱར་གསོ་གི་ཞབས་ཏོག་ ལེན་དགོ་མནོ་མི་ཚུ་ལུ་ཡང་ ནད་ཡམས་ཀྱི་གནས་སྟངས་ལས་བརྟེན་ ཐོ་ཕོགས་ཏེ་འདུག

རྒྱལ་ཁབ་ནང་ལུ་ ཕོ་མོ་དབྱེ་བ་མེད་པ་ ག་ར་ལུ་ ཀུན་སྤྱོད་བསྐྱར་གསོའི་ཞབས་ཏོག་བྱིན་མི་ལྟེ་བ་ བྷུ་ཊན་ཨིནསི་ཀྲི་ཀྲིའུཊ་ཨོཕ་ཝེལ་བཱིཡིང་གིས་ མི་ཚུ་ལེན་ནི་ བཀག་ཆ་འབད་དགོཔ་འཐོན་མི་ལུ་བརྟེན་ སྨྱོ་རྫས་དང་ཆང་ལུ་ ལང་ཤོར་ཐལ་བའི་ཤུལ་ ལྟེ་བ་འདི་ནང་ལས་ ཞབས་ཏོག་ལེན་དགོ་མནོ་མི་ བུམོ་དང་ཨམ་སྲུ་ཚུ་ལུ་ ཀུན་སྤྱོད་བསྐྱར་གསོའི་ཞབས་ཏོག་ འཐོབ་མ་ཚུགས་པར་འདུག

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ ཆང་དང་སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ཚུ་ སྨན་བཅོས་འབད་ས་ སེམས་ཁམས་ཀྱི་ནདཔ་བཞག་སའི་ཁང་མིག་ནང་ལུ་ ཆང་དང་སྨྱོ་རྫས་ལུ་ ལང་ཤོར་ཐལ་ཏེ་ཡོད་མི་ ནདཔ་ཨམ་སྲུ་༡༦་བཞག་སྟེ་འདུག

ཁོང་ཆ་ཁྱབ་ཀྱི་གྲལ་ལས་ ཁོང་༧་གིས་ སྨན་བཅོས་འདི་མཇུག་བསྡུ་ཞིནམ་ལས་ ཀུན་སྤྱོད་བསྐྱར་གསོ་ལྟེ་བ་ནང་ལུ་སྦེ་ སྨན་བཅོས་འབད་ནིའི་ རེ་བ་ཡོདཔ་ཨིན་མས།

ད་རེས་ རྒྱལ་ཁབ་ནང་ལུ་ སྨྱོ་རྫས་དང་ཆང་ལུ་ ལང་ཤོར་ཐལ་མི་ཚུ་ སྨན་བཅོས་འབད་སའི་ ཀུན་སྤྱོད་བསྐྱར་གསོ་ལྟེ་བ་༣་ཡོདཔ་ཨིན།

ཨིན་རུང་ ན་གཞོན་གོང་འཕེལ་མ་དངུལ་གྱི་འོག་ལུ་ཨིན་མི་ བྷུ་ཊན་ཨིནསི་ཀྲི་ཀྲིའུཊ་ཨོཕ་ཝེལ་བཱིཡིང་ རྐྱངམ་ཅིག་གིས་ ཞབས་ཏོག་འདི་ ཕོ་སྐྱེས་དང་ཨམ་སྲུ་གཉིས་ཆ་ར་ལུ་ བྱིན་དོ་ཡོདཔ་ཨིན་མས།

གཞུང་གི་ཁ་ཐུག་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ གཙུག་སྡེ་དང་སྤེལ་ཁང་ཚུ་ སྒོ་བསྡམ་དགོཔ་སྦེ་བཀོད་རྒྱ་བྱིན་མི་དང་འཁྲིལ་ ལྟེ་བ་འདི་གིས་ཡང་ མི་ཚུ་ལེན་མ་ཚུགསཔ་ཨིན་མས།

ལྟེ་བ་འདི་ནང་ལས་ སྡེ་ཚན་མཇུག་འདི་ར་ སྤྱི་ཟླ་༦་པའི་སྤྱི་ཚེས་༦་ལུ་བཏང་ནུག

འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ སྨྱོ་རྫས་སྨན་བཅོས་ལྟེ་བ་འདི་ནང་ལུ་ ཁྲིམས་སྲུང་འགག་སྡེ་དང་དྲང་ཁྲིམས་ཀྱི་ཁ་ཐུག་ལས་བཏང་མི་ ཕོ་རྒས་ཚུ་རྐྱངམ་ཅིག་ ལེནམ་ཨིན་མས།

དེ་བཟུམ་སྦེ་ སྤྱི་མཐུན་ཕན་བདེ་ཚོགས་པ་ནང་ལུ་འབད་བ་ཅིན་ ཨམ་སྲུ་ཚུ་གི་དོན་ལས་ མཁོ་ཆས་དང་མཐུན་རྐྱེན་ཚུ་ བཙུགས་ནི་སྦེ་ཡོདཔ་ཨིན་མས།

 ཚོགས་པ་འདི་གི་ བཀོད་ཁྱབ་མདོ་ཆེན་གྱིས་བཤད་མི་ནང་ འདས་པའི་ཟླཝ་དག་པ་ཅིག་ནང་ ཁོང་གི་ཞབས་ཏོག་ཚུ་གི་སྐོར་ལས་ དྲི་དཔྱད་འབད་མི་ བུམོ་དང་ཨམ་སྲུ་ལེ་ཤ་ཅིག་ར་ འཐོན་ཡི་ཟེར་ཨིན་མས།

ཁོ་གིས་སླབ་མི་ནང་ ཚོགས་པ་འདི་གིས་ གསོ་བའི་ལྷན་ཁག་ལུ་ བསླབ་སྟོན་པ་ཨམ་སྲུ་༤་དགོ་པའི་སྐོར་ལས་ གྲོས་འཆར་ཕུལ་ཏེ་ཡོད་ཟེར་ཨིན་མས།

གཞུང་གི་ཁ་ཐུག་ལས་ གནས་སྟངས་འདི་ཚུ་ ཨ་ཙི་ གོ་ཡང་ཏོག་ཏོ་བཟོ་མི་དང་བསྟུན་ བྷུ་ཊན་ཨིནསི་ཀྲི་ཀྲིའུཊ་ཨོཕ་ཝེལ་བཱིཡིང་ འདི་ཡང་ ནངས་པ་ལས་ ལོག་སྟེ་སྒོ་ཕྱེ་ཆོགཔ་སྦེ་འདུག

ལྟེ་བ་འདི་གི་མདོ་ཆེན་གྱིས་སླབ་མི་ནང་ ལྟེ་བ་འདི་སྒོ་ཕྱེ་མི་དང་འབྲེལ་ ཨམ་སྲུ་གཉིས་འཛུལ་འོང་ཟེར་བཤད་ཅི།

ཐིམ་ཕུག་སྦྱིས་མི་ཐང་ཁ་ལུ་ཆགས་ཏེ་ཡོད་མི་ ལྟེ་བ་འདི་ནང་ སྟབས་གཅིག་ལུ་ ཨམ་སྲུ་༡༠་དང་ཕོ་སྐྱེས་༢༠་ སྨན་བཅོས་འབད་ཚུགས་པའི་ ས་སྒོ་ཡོདཔ་ཨིན་མས།

སྤེལ་ཁང་འདི་གིས་བཀོད་མི་ནང་ ལྟེ་བ་འདི་ནང་ལུ་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་ཉུང་སུ་ཅིག་ལས་འགལ་ འོང་ནི་མེད་ཟེར་ཨིནམ་ད་ འདི་ཡང་ ཤོ་ཐེངས་རེ་ནང་ལུ་ ཨམ་སྲུ་༧་དེ་རེ་ལས་འགལ་ འོང་ནི་མེད་ཟེར་ཨིན་མས།

 

གནས་ཚུལ་བསྡུ་ལེན་འབད་མི་ ཕུརབ་རྒྱལམོ།

ཐིམ་ཕུག