གཟའ་པ་སངས། ༢༠༢༠ ཟླ་༧ པའི་སྤྱི་ཚེས་༢

གཞལ་སྒང་རྫོང་ ན་ཐེན་ར་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༢༠

༉ གཞལ་སྒང་གི་རྫོང་འདི་ ན་ཐེན་ར་ ཉམས་གསོ་ཞུ་རན་ཏེ་ཡོདཔ་ད་ འདི་ཡང་ ལོ་བཅུ་ཕྲག་༦་དེ་ཅིག་གི་རིང་ རྫོང་འདི་ལུ་ ཉམས་གསོ་སྦོམ་སྦེ་ འདི་དང་འདི་ཨིན་ཟེརཝ་ཅིག་ ཞུ་ཞུཝ་མེདཔ་ཨིན་མས།

ས་གནས་འདི་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ རང་བཞིན་གྱི་རྐྱེན་ངན་རེ་བྱུང་པ་ཅིན་ རྫོང་འདི་ ཧྲམ་འགྱོ་ནིའི་ཉེན་ཁག་འདུག་ཟེར་ཨིན་མས།

འདས་པའི་ལོ་ཚུ་ནང་ གཞལ་སྒང་བདེ་ཆེན་གཡང་རྩེ་རྫོང་འདི་ ཉམས་ཆགས་ཤོར་ཏེ་ཡོདཔ་ཨིན་མས།

རྫོང་གི་གཞི་བཀོད་མང་ཤོས་ཅིག་ར་ ཧྲམ་འགྱོ་ནི་གུ་ཐུག་སྟེ་འདུག

རྫོང་གི་ཤིང་ཆས་ཚུ་རུལ་དོ་ཡོདཔ་མ་ཚད་ བྱང་ཚུ་ཡང་འགག་ ནང་ན་ལུ་ ཆརཔ་ཛགས་མི་ལུ་བརྟེན་ ལྡེབ་རིས་རྙིངམོ་ཚུ་ཡང་ ཡལ་འགྱོ་དོ་ཡོདཔ་ཨིན་མས།

དགེ་སློང་ཚུ་གིས་སླབ་མི་ནང་ ཨེན་ཏ་དང་གཞི་བཀོད་རྙིངམོ་ཚུ་ ཉེན་ཁག་ཅན་ཅིག་ལུ་འགྱུར་ཏེ་ཡོད་ཟེར་ཨིནམ་ད་ འདི་གི་ནང་ལས་ཡང་ གནམ་བྱཱར་གྱི་སྐབས་ ཧེང་བཀལ་ར་ ཉེན་ཁག་འདུག་ཟེར་ཨིན་མས།

གནད་དོན་འདི་གི་སྐོར་ལས་ རྫོང་ཁག་ཚོགས་འདུ་ཐེངས་མང་རབས་ཅིག་ནང་ལུ་ ཞུ་བ་འབད་ཡོདཔ་མ་ཚད་ སྤྱི་ཚོགས་ནང་ལུ་ཡང་ཞུ་བ་ཕུལ་ནུག

ལོ་༦་གི་ཧེ་མ་ ལས་འགུལ་གྱི་སྙན་ཞུ་ཁ་གསལ་གཅིག་བཟོ་ཞིནམ་ལས་ གནང་བ་གི་དོན་ལས་ གཞུང་ལུ་ཕུལ་ཡོདཔ་ཨིན་རུང་ ལན་གསན་གཅིག་འཐོབ་མ་ཚུགས་པས།

རྫོང་ཁག་བདག་སྐྱོང་གིས་བཀོད་མི་ནང་ ཁོང་གིས་ ལས་འགུལ་གྱི་སྙན་ཞུ་ཁ་གསལ་གཅིག་བཟོ་སྟེ་ ལཱ་འདི་ཚུ་ ལོ་ལྔའི་འཆར་གཞི་༡༣་པའི་ནང་ འགོ་བཙུགས་ཚུགས་པའི་རེ་བ་ཡོད་ཟེར་ཨིན་མས།

 གཞལ་སྒང་རྫོང་འདི་ སྤྱི་ལོ་༡༩༣༣་ལུ་ ཧེ་མའི་རྫོང་འདི་ མེ་མཆོད་བཞེས་ཞིནམ་ལས་ རྫོང་དཔོན་འཕྲིན་ལས་རྣམ་རྒྱལ་གྱིས་ བཞེངས་ཡོདཔ་ཨིན་མས།