གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

སློབ་ཕྲུག་ཚུ་གི་དབྱེ་ཞིབ་ ཤུལ་མའི་ཟླཝ་ལས་ འགོ་བཙུགས་ནི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༢༧ ༢༠༢༠

༉ སློབ་རིམ་བློ་གསར་ལས་ སློབ་རིམ་༩་པ་ཚུན་དང་ སློབ་རིམ་༡༡་པའི་སློབ་ཕྲུག་ཚུ་ སློབ་རིམ་ཡར་སེང་གི་དོན་ལུ་ དབྱེ་ཞིབ་འབད་ནི་འདི་ ཤུལ་མའི་ཟླཝ་ལས་ འགོ་བཙུགས་ནི་ཨིན་མས།

དབྱེ་ཞིབ་འདི་ཡང་ ནད་ཡམས་ ཀོ་ཝིཌ-༡༩གི་གནས་སྟངས་ནང་ལུ་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གིས་ བཀོད་རྒྱ་དང་བསྟུན་ ད་རེས་ལག་ལེན་འཐབ་སྟེ་ཡོད་པའི་ རྩ་གཞུང་འདི་ལུ་ གཞི་བཞག་སྟེ་འབད་ནི་ཨིན་མས།

སྐབས་གཅིག་གི་དོན་ལུ་ སློབ་རིམ་བློ་གསར་ལས་ སློབ་རིམ་༩་པ་ཚུན་དང་ སློབ་རིམ་༡༡་པའི་སློབ་ཕྲུག་ཚུ་གི་དོན་ལུ་ གཞུང་འབྲེལ་གྱི་ཆོས་རྒྱུགས་མེདཔ་སྦེ་ ཐག་བཅད་དེ་འདུག

ཨིན་རུང་ རྒྱལ་ཁབ་ནང་ལུ་ ནད་ཡམས་ ཀོ་ཝིཌ-༡༩གི་གནས་སྟངས་དང་འཁྲིལ་ སློབ་རིམ་༧པ་དང་༨་པ་ དེ་ལས་ ༩་པ་དང་༡༡་པ་ཚུ་གི་དོན་ལུ་ སློབ་གྲྭ་ལོག་སྟེ་སྒོ་ཕྱེ་བ་ཅིན་ གཞུང་འབྲེལ་གྱི་ཆོས་རྒྱུགས་ ལེན་ནི་ཨིན་མས།

ད་རིས་ བརྡ་བརྒྱུད་ཚུ་དང་ཕྱེད་ནི་ཟེར་བའི་ལས་རིམ་ནང་ལུ་ ཤེས་རིག་བློན་པོ་ ཇའི་བིར་རའི་གིས་སླབ་མི་ནང་ ད་རེས་ འབྲེལ་མཐུན་བཟོ་སྟེ་ཡོད་པའི་ རྩ་གཞུང་འདི་ཚུ་ འཕྲོ་མཐུད་དེ་ར་ འབྲུག་རྒྱང་བསྒྲགས་དང་ གུ་གཱལ་ཀི་ལཱསི་རུམ་ཟེར་མི་ ཡོངས་འབྲེལ་རིམ་ལུགས་ དེ་ལས་ གཞན་མི་ མི་སྡེ་བརྡ་བརྒྱུད་ཚུ་བརྒྱུད་དེ་ སློབ་སྟོན་འབད་འོང་ཟེར་་ཨིན་མས།

གཞུང་གིས་ སློབ་རིམ་༧པ་དང་༨་པ་ དེ་ལས་ ༩་པ་དང་༡༡་པ་ཚུ་གི་དོན་ལུ་ སློབ་གྲྭ་ལོག་སྟེ་སྒོ་ཕྱེ་ནི་སྦེ་ གསལ་བསྒྲགས་མ་འབད་ཚུན་ཚོད་ སློབ་སྟོན་གྱི་ཐབས་ཤེས་འདི་ཚུ་ར་ ལག་ལེན་འཐབ་ནི་ཨིན་མས།

དེ་ལས་ སློབ་རིམ་བློ་གསར་ལས་ སློབ་རིམ་༦་པ་ཚུན་ཚོད་ དུས་ཅི་གི་སློབ་དུས་ཀྱི་དོན་ལུ་ སློབ་ཁང་ནང་ཨིནམ་བཟུམ་མའི་ སློབ་སྟོན་ཚུ་ མི་འོང་ནི་ཨིནམ་སྦེ་ ཐག་བཅད་ནུག

འབྲེལ་མཐུན་བཟོ་སྟེ་ཡོད་པའི་ རྩ་གཞུང་ལག་ལེན་འཐབ་མི་ སློབ་ཕྲུག་ཚུ་གི་ གྲུབ་འབྲས་ལག་ཁྱེར་ནང་ལུ་ ཧེ་མ་བཟུམ་སྦེ་ གནས་རིམ་སྒྲིབཟོ་སྟེ་མི་འོང་ནི་ཨིན་མས།

བློན་པོ་ཇའི་བིར་རའི་གིས་གསུངས་མི་ནང་ སློབ་རིམ་བཅུ་པ་དང་༡༢་པའི་ སློབ་ཕྲུག་ཚུ་གི་ ཤུལ་མའི་ཟླཝ་ནང་ལས་ གཙོ་རིམ་ཅན་གྱི་རྩ་གཞུང་འདི་ ལག་ལེན་འཐབ་འོང་ཟེར་ཨིན་མས།

རྩ་གཞུང་འདི་ནང་ལུ་ རྩ་གཞུང་ངོ་མ་ལས་ བརྒྱ་ཆ་༦༥་དང་༧༠་གི་བར་ན་ཡོདཔ་ཨིན་མས།

ད་རུང་ ད་རིས་ ཤེས་རིག་ལྷན་ཁག་གིས་ གཞི་རྟེན་ཤེས་ཡོན་དང་ མི་སྡེའི་སློབ་སྟོན་ལྟེ་བ་ཚུ་ཡང་ ཤུལ་མའི་ཟླཝ་ནང་ལས་ སྒོ་ཕྱེ་སྟེ་ འབྲེལ་མཐུན་བཟོ་སྟེ་ཡོད་པའི་ སློབ་ཚན་ཚུ་འཕྲོ་མཐུད་དེ་ བསྟར་སྤྱོད་འབད་ནི་ཨིན་ཟེར་ གསལ་བསྒྲགས་འབད་ཡོདཔ་ཨིན།

ཨིན་རུང་ ཨ་ལོའི་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ཚུ་ སྒོ་བསྡམ་སྟེ་ར་བཞག་ནི་ཨིནམ་ད་ སློབ་སྟོན་པ་ཚུ་གིས་ ཨ་ལོ་ཚུ་ལུ་ སློབ་སྟོན་གྱི་ལཱ་ཚུ་ མི་སྡེའི་བརྡ་བརྒྱུད་ཚུ་བརྒྱུད་དེ་ འགོ་འདྲེན་འཐབ་ནི་ཨིན་མས།