གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

སྤ་རོ་རྒྱལ་ཡོངས་འགྲེམ་སྟོན་ཁང་འདི་ ལོག་སྟེ་རང་ མི་མང་གི་དོན་ལུ་ མཇལ་ཁ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༥ ༢༠༢༠

༉ སྤ་རོ་རྒྱལ་ཡོངས་འགྲེམ་སྟོན་ཁང་འདི་ ལོ་༨་དེ་ཅིག་ ཉམས་གསོ་ཞུ་ནིའི་དོན་ལུ་ སྒོ་བསྡམ་བཞག་པའི་ཤུལ་ ད་རིས་ ལོག་སྟེ་ར་སྒོ་ཕྱེ་སྟེ་ཡོདཔ་ཨིན།

ཉམས་གསོའི་ལས་རིམ་འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༤༠་བཞེས་པའི་ འཁྲུངས་སྐར་དུས་ཆེན་ བརྩི་སྲུང་ཞུ་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་སྦེ་བཤད་ཅི།

འགྲེམ་སྟོན་ཁང་འདི་ཡང་ ནད་སྲིད་དང་སྲོལ་འཛིན་བློན་པོ་ ཤེས་རབ་རྒྱལ་མཚན་དང་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་རུ་ཅི་རཇ་ཀམ་བོཇ་གཉིས་ཀྱིས་ འགོ་འབྱེད་གནང་ཡི།

འདས་པའི་ལོ་ངོ་༨་ཀྱི་རིང་ལུ་ འགྲེམ་སྟོན་ཁང་འདི་ ཉམས་གསོ་གི་ལཱ་ སྦོམ་སྦེ་ར་ཞུ་ཡོད་རུང་ རྫོང་གི་གཞི་བཀོད་དེ་ ཧེ་མ་ག་ཨིནམ་སྦེ་བཞག་སྟེ་ ལོག་བཞེང་ནུག

དེ་ལས་ རྫོང་གི་ནང་ན་ལུ་ ཅ་ལ་བཀྲམ་བཞག་ས་ཚུ་ཡང་ ལོག་སྟེ་ར་བཟོ་ཡོདཔ་མ་ཚད་ གཞན་མི་འཐེབ་དག་པ་ཅིག་བཙུགས་པའི་ཁར་ གློག་མེ་གི་ཐད་ཁར་ལུ་ཡང་ འོད་ལྡན་ལྡན་སྦེ་བཙུགས་ནུག

ལྟ་རྫོང་འདི་ ལོག་ཉམས་གསོ་ཞུ་ནིའི་དོན་ལུ་ རྒྱ་གར་གཞུང་གིས་ མ་དངུས་ས་ཡ་༦༠་རྒྱབ་སྐྱོར་གནང་ཡོདཔ་ཨིན་མས།

འགྲེམ་སྟོང་ཁང་འདི་གི་ མདོ་ཆེན་ངོ་ཚབ་ ཕན་བདེ་ལེགས་བཤད་དབང་ཕྱུག་གིས་སླབ་མི་ནང་ འགྲེམ་སྟོན་ཁང་འདི་ནང་གི་རྟེན་འདི་ཚུ་ ངོ་མ་སྦེ་མཇལ་བར་མ་ལྷོད་རུང་ ཡོངས་འབྲེལ་ཐོག་ལས་ མཇལ་ཚུགས་ནི་གི་མཐུན་རྐྱེན་བཙུགས་ཏེ་ཡོད་ཟེར་བཤད་ཅི།

མགྲེམ་སྟོན་ཁང་ནང་འགྱོཝ་ད་གི་ འཐུས་འདི་ཡང་ དུམ་གྲ་ཅིག་ ཡར་སེང་འབད་དེ་ཡོདཔ་ད་ འདི་ཡང་ ཕྱིའི་བལྟ་བཤལཔ་རེ་ལུ་ དངུལ་ཀྲམ་༥༠༠་དང་ ལུང་ཕྱོགས་ཀྱི་བལྟ་བཤལཔ་རེ་ལུ་ དངུལ་ཀྲམ་༣༠༠ འདི་བཟུམ་སྦེ་ འབྲུག་མི་ཚུ་གི་དོན་ལས་ དངུལ་ཀྲམ་༥༠་སྦེ་བཞག་ནུག

སྤ་རོ་ལྟ་རྫོང་འདི་ཡང་ སྤྱི་ལོ་༡༦༤༩་ལུ་ སྤ་རོ་དཔོན་སློབ་དང་པ་ ལ་སྔོན་པ་བསྟན་འཛིན་འབྲུག་གྲགས་ཀྱིས་ རིན་སྤུངས་རྫོང་གི་ ལྟ་རྫོང་སྦེ་བཞེངས་ནུག

རྫོང་འདི་ སྤྱི་ལོ་༡༩༦༠་ལུ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ བཀའ་རྒྱ་གནངམ་ཞིན་ལས་ རྒྱལ་ཁབ་ནང་ལུ་ འགྲེམ་སྟོང་ཁང་དང་པ་སྦེ་བཟོ་སྟེ་ སྤྱི་ལོ་༡༩༦༨་ལུ་ མི་མང་གི་དོན་ལུ་ སྒོ་ཕྱེ་སྟེ་ཡོདཔ་ཨིན།

འགྲེམ་སྟོན་ཁང་འདི་ སྤྱི་ལོ་༢༠༡༡་ལུ་ ས་ཡོམ་ཅིག་རྐྱབ་སྟེ་ རྫོང་གི་གཞི་བཀོད་ལུ་གནོད་པ་འབྱུང་བའི་ཤུལ་ མི་མང་མཇལ་ཁ་གི་དོན་ལས་ སྒོ་བསྡམ་བཞག་སྟེ་ཡོདཔ་ཨིན།

 

གནས་ཚུལ་བསྡུ་ལེན་པ་ རྣམ་རྒྱལ་དབང་ཕྱུག

སྤ་རོ།