གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

ཆརཔ་དང་རླུང་འཚུབ་ལུ་བརྟེན་ ཐིམ་ཕུག་རྫོང་ཁག་ གླིང་བཞི་དྲུང་ཁག་ནང་ལུ་ གཡག་དང་རྟ་༢༠་ལྷགཔ་ཅིག་ ཤི་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༣ ༢༠༢༠

༉ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ཆརཔ་མ་ཆད་པ་ར་བརྐྱབ་མི་དང་ རླུང་འཚུབ་འཕུར་མི་ལུ་བརྟེན་ ཐིམ་ཕུག་རྫོང་ཁག་ གླིང་བཞི་དྲུང་ཁག་ནང་ལུ་ གཡག་དང་རྟ་༢༠་ལྷགཔ་ཅིག་ ཤི་ཡོདཔ་ཨིན་མས།

ས་གནས་ཀྱི་འགོ་ཁྲིདཔ་ཚུ་དང་འཁྲིལ་བ་ཅིན་ དྲུང་ཁག་འདི་ནང་ལུ་ ཆརཔ་ཤུགས་སྦེ་བརྐྱབ་མི་ལུ་བརྟེན་ དེ་སྦེ་ སེམས་ཅན་ལུ་ ཤི་རྐྱེན་བྱུང་མི་གི་ གྱངས་ཁ་འདི་ ད་ལྟོ་ཚུན་ཚོད་ མཐོ་ཤོས་ཅིག་ཨིན་ཟེར་བཤད་ཅི།

གནམ་གཤིས་སྐྱོ་དྲག་སྦེ་ཡོད་མི་ལས་བརྟེན་ གཡག་དང་རྟ་ཤི་མི་གི་ གྱངས་ཁ་མཐོ་ཤོས་འདི་ གླིང་བཞི་རྒེད་འོག་ནང་༡༧་འཐོན་ཡོདཔ་ཨིན་མས།

དེ་ལས་ སྲོས་རྒེད་འོག་ནང་ལུ་ གཡག་༣་ལུ་ཤི་རྐྱེན་དང་ ན་རོ་རྒེད་འོག་ནང་༡་ལུ་ཤི་རྐྱེན་བྱུང་ནུག

གླིང་བཞི་རྒེད་འོག་འདི་ རྒྱ་མཚོའི་མཐའ་མ་ལས་ མི་ཀྲར་སྟོང་ཕྲག་ཕྱེད་ད་༥་གི་ས་ཁར་ཡོདཔ་ད་ འདི་ཡང་ སྲོས་དང་ན་རོ་རྒེད་འོག་ཚུ་དང་ཕྱེདཔ་ད་ ས་ཁ་མཐོ་ས་ལུ་ཨིན་མས།

ས་གནས་ཀྱི་འགོ་ཁྲིདཔ་ཚུ་གིས་ བརྒྱུད་འཕྲིན་གྱི་ཐོག་ལས་སླབ་མི་ནང་ གླིང་བཞི་ལུ་ འདས་པའི་བདུན་ཕྲག་གི་གཟའ་ལྷགཔ་ལས་ ཆརཔ་ཤུགས་སྦེ་ མ་ཆད་པ་ར་བརྐྱབ་ནི་ འགོ་བཙུགས་ཅི་ཟེར་ཨིན་མས།

ས་གནས་ཀྱི་འགོ་ཁྲིདཔ་ཚུ་གིས་ སྙན་ཞུ་ཚུ་ ཐིམ་ཕུག་རྫོང་ཁག་བདག་སྐྱོང་ལུ་ ཕུལ་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ སྤྱི་ལོ་༢༠༠༨་ལུ་ཡང་ དེ་བཟུམ་མའི་རྐྱེན་ངན་ཅིག་ བྱུང་ཡི་ཟེར་ཨིན་མས།

སྒོ་ནོར་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ གནམ་གཤིས་སྐྱོ་དྲག་སྦེ་ འགྱོ་བའི་སྐབས་ལུ་ སེམས་ཅན་ཞན་ཁོག་འདི་ཚུ་ ཤིཝ་མས་ཟེར་བཤད་ཅི།

 ད་རེས་ གནམ་གཤིས་འདི་ དེ་སྦེ་ར་སྡོད་དོ་ཡོདཔ་ལས་ གཡག་འཚོ་མི་ཚུ་ལུ་ ཐབས་ཤེས་གཞན་མེདཔ་ལས་ གཡག་ཞན་ཁོག་འདི་ཚུ་ མལ་ཆ་དང་ཏིར་པ་གི་ སྤུར་ནི་འགོ་བཙུགས་ཡོདཔ་ད་ དེ་ཡང་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ ཆརཔ་འདི་ སེམས་ཅན་ཚུ་གི་གཟུགས་ཁར་ སིམ་མ་བཅུག་ནིའི་དོན་ལས་ཨིན་ཟེར་བཤད་ཅི།