གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

སྨྱོ་རྫས་ནག་ཚོང་ལས་བརྟེན་ཏེ་ བཙོན་ཁྲིམས་ ལོ་༨ལས་༩གི་བར་ཕོག་སྟེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ བཀྲིས་སྒང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཕོ་སྐྱེས་༤ལུ་ སྨྱོ་རྫས་ནག་ཚོང་འཐབ་ཡོད་པའི་ཉེས་པ་ལུ་བརྟེན་ཏེ་ བཙོན་ཁྲིམས་ ལོ་༨ལས་༩གི་བར་ནའི་ འཁྲུན་ཆོད་བཏོན་ཏེ་འདུག

གཟའ་མིག་དམར་ལུ་བཏོན་ཏེ་ཡོད་མི་ འཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཁྲིམས་སྲུང་འགག་པ་ཚུ་གིས་ གསང་བའི་སྙན་ཞུ་ཐོབ་པའི་ཤུལ་ དང་པ་རང་ འདས་པའི་ཟླཝ་ནང་ལུ་ ཉེས་ཅན་ཕོ་སྐྱེས་གཉིས་ བཀྲིས་སྒང་ལྕགས་ཟམ་ལས་ བདའ་ཟུན་ཡོདཔ་སྦེ་ཨིན་མས།

དེ་བསྒང་ ཁོང་གཉིས་ སྨྱོ་རྫས་ཨེས་པི་པཱལསི་༤༠དེ་ཅིག་འབག་སྟེ་ མོང་སྒར་ལས་ བཀྲིས་སྒང་ཁ་ཐུག་ འགྱོ་བའི་བསྒང་སྡོད་ནུག་ཟེར་ཨིན་མས།

འདི་གི་ཤུལ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་དྲི་དཔྱད་འབད་ཞིམ་ལས་ མོང་སྒར་ལས་ སྨྱོ་རྫས་བསྐྱེལ་བཏང་མི་དང་ བཀྲིས་སྒང་ལས་ཉོ་མི་ ཕོ་སྐྱེས་གཉིསཔོ་འདི་ཡང་ བདའ་ཟུན་ཡོདཔ་སྦེ་ཨིན་མས།