གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

ཀྲོང་གསར་རྫོང་བདག་བགྲེསཔ་ ལྷགཔ་རྡོ་རྗེ་དང་ མི་ངོམ་༥གི་གནད་དོན་འདི་ ཆེ་མཐོ་ལུ་མཐོ་གཏུགས།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཀྲོང་གསར་རྫོང་བདག་བགྲེསཔ་ ལྷགཔ་རྡོ་རྗེ་དང་ གཞན་མི་ མི་ངོམ་ ༥ ལུ་ ས་ཆ་ཉོ་ཚོང་དང་འབྲེལ་བའི་ ངན་ལྷད་འབད་དེ་ཡོདཔ་སྦེ་ ཉེས་འཛུགས་ཕོག་སྟེ་ཡོད་མི་འདི་ ད་རེས་ ཁོང་ཆ་ཁྱབ་ཀྱིས་ གནད་དོན་འདི་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་འབད་དེ་ཡོདཔ་ཨིན།

ཁ་ཙ་ སྟ་གོན་སྙན་གསན་གྱི་སྐབས་ལུ་ མཐོ་གཏུགས་འབད་མི་ཚུ་གིས་ཞུ་མི་ནང་ ཁོང་ཆ་ཁྱབ་ལུ་ རྩོད་བཤེར་གྱི་གནད་དོན་ཚུ་ དྭངས་གསལ་སྦེ་ཐོབ་མ་ཚུགས་པའི་ཁར་ ཁོང་ལུ་ ཉེས་འཛུགས་བཀལ་མི་ཚུ་ཡང་ མི་བདེན་ཟེར་ཨིན་མས།

ད་རུང་ ཁོང་ཆ་ཁྱབ་ཁྲིམས་སར་བཀལ་ནི་གི་འོས་འབབ་འདི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ མེད་ཟེར་བཤད་ཅི།

ཁོང་ཆ་ཁྱབ་ཡང་ སྟག་རྩེ་གཡུས་ཚན་ནང་ལུ་ སྒེར་གྱི་ས་ཆ་སྤོ་སོར་གྱི་གནད་དོན་ནང་ ཡིག་ཆ་རྫུས་མ་བཟོ་སྟེ་ཡོད་མི་དང་ ཡིག་ཚང་གི་བྱ་སྤྱོད་ལས་འགལ་བ་ དེ་ལས་ གཡོ་སྒྱུ་ལག་ལེན་ཚུ་འབད་ཡོད་པའི་ཉེས་པ་ལས་བརྟེན་ཏེ་ ན་ཧིང་ ཉེས་འཛུགས་ཕོག་སྟེ་ཡོདཔ་ཨིན།

བྱ་ངན་འདི་ཡང་ ལོ་ངོ་བཅུ་ཕྲག་ ༡ ལྷགཔ་ཅིག་གི་ཧེ་མ་ འབད་དེ་ཡོདཔ་སྦེ་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་གཞི་འདི་ སྤྱི་ལོ་ ༢༠༡༧ ལུ་ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུན་སར་བཀལ་ཏེ་ཡོདཔ་ད་ འདི་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གནད་དོན་འདི་ ཉེས་འགལ་གྱི་རྩོད་བཤེར་ཕྱི་ནི་ནང་ འོས་འབབ་མེདཔ་སྦེ་མཐོང་མི་ལུ་བརྟེན་ ཕྱིར་བཏོན་འབད་བའི་ཤུལ་ལུ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཚེ་རིང་བཟངམོ།

ཐིམ་ཕུག