གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

གཞུང་གིས་དབང་བའི་ལས་སྡེ་ཚུ་གིས་ ད་རེས་འགོ་དང་པ་ ལོ་བསྟར་གན་ཡིག་གུ་ལུ་ མཚན་རྟགས་བཀོད་དེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༩ ༢༠༢༠

༉ གཞུང་གིས་དབང་བའི་ལས་སྡེ་༡༣གྱིས་ ད་རེས་འགོ་དང་པ་ དངུལ་རྩིས་ལྷན་ཁག་དང་ཅིག་ཁར་ གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་གུ་ལུ་ མཚན་རྟགས་བཀོད་དེ་ཡོདཔ་ཨིན།

དངུལ་རྩིས་ལྷན་ཁག་དང་འཁྲིལ་བ་ཅིན་ གན་ཡིག་དེ་སྦེ་བཟོ་མི་འདི་གིས་ གཞུང་གིས་དབང་བའི་ལས་སྡེ་ཚུ་གིས་ རིག་པ་གསརཔ་ཚུ་བཏོན་ཞིན་ན་ དམིགས་གཏད་འདི་ཚུ་གྲུབ་ནི་ནང་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་མས།

གན་ཡིག་གུ་མཚན་རྟགས་བཀོད་པའི་སྐབས་ལུ་ དངུལ་རྩིས་བློན་པོ་རྣམ་རྒྱལ་ཚེ་རིང་གིས་གསུང་མི་ནང་ གན་ཡིག་འདི་གིས་ གཞུང་གིས་དབང་བའི་ལས་སྡེ་འདི་ཚུ་ འཇོན་ཐངས་ཅན་གྱི་ལས་སྡེ་ཅིག་སྦེ་བཟོ་ནི་ནང་ལུ་ ལྷན་ཐབས་འབད་འོང་ཟེར་གསུང་ཡི།

ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ དམིགས་གཏད་འདི་ཚུ་ གྲུབ་འབྲས་གཞི་བཞག་གི་འཐུས་ཀྱི་དོན་ལུ་ཡང་ གཞི་བཞག་ས་ཅིག་སྦེ་ འོང་ནི་ཨིན་མས།

གྲུབ་འབྲས་གཞི་བཞག་གི་འཐུས་འདི་ གཞུང་གིས་དབང་བའི་ལས་སྡེ་ཚུ་ ཡར་དྲག་བཏང་ནི་གི་སེམས་ཤུགས་དོན་ལུ་ གཞུང་གིས་ འགོ་བཙུགས་ཏེ་ཡོདཔ་ཨིན།

དངུལ་རྩིས་བློན་པོ་གིས་བཀོད་མི་ནང་ གཞུང་གིས་དབང་བའི་ལས་སྡེ་འདི་ཚུ་ ག་དེ་སྦེ་ཡར་རྒྱས་འགྱོ་ན་འདི་ ཐབས་ཤེས་གསརཔ་ཚུ་ལུ་བརྟེན་དགོ་ཟེར་གསུང་ཡི།

རྒྱལ་ཁབ་ནང་ལུ་ གཞུང་གིས་དབང་བའི་ལས་སྡེ་འདི་ ལོ་བསྟར་ཞིན་ཡར་སེང་འགྱོ་དོ་ཡོད་མི་དང་འབྲེལ་ ལས་སྡེ་ཚུ་གིས་རང་འབད་རུང་ དམིགས་གཏད་ཚུ་བསྐྱེད་ཞིན་ན་ གན་ཡིག་གུ་ལུ་མཚན་རྟགས་དེ་སྦེ་བཀོད་མི་འདི་ལུ་ རྒྱབ་སྐྱོར་ཡོདཔ་སྦེ་བཤད་ཅི།

གཞུང་གིས་དབང་བའི་ལས་སྡེ་ཚུ་གིས་ རྒྱལ་ཁབ་ནང་ལུ་ འོང་འབབ་དང་ལཱ་གཡོག་གི་གོ་སྐབས་ཚུ་ སྦོམ་སྦེ་རང་ བཟོ་དོ་ཡོདཔ་ཨིན།

འདི་ཡང་ སྤྱི་ལོ་༢༠༡༨ལུ་ གཞུང་གིས་དབང་བའི་ལས་སྡེ་ག་ར་སྡོམ་ད་ལུ་ རྒྱལ་ཁབ་ཀྱི་འོང་འབབ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༧ལྷགཔ་ཅིག་བཟོ་ཚུགས་ཏེ་འདུག

 

གནས་ཚུལ་བསྡུ་ལེན་པ་ ཀུན་ལེགས་སྒྲོལ་མ།

ཐིམ་ཕུག