གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

བཟོ་བསྐྲུན་འཛིན་སྐྱོང་གི་མཉེན་ཆས་ དུས་མཐུན་འབད་དེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༩ ༢༠༢༠

༉ བཟོ་བསྐྲུན་ལས་སྡེ་འདི་ ཁྱད་རིག་ཅན་ཅིག་སྦེ་བཟོ་ནི་དང་ བཟོ་རིག་འགོ་དཔོན་ཆ་མཉམ་གྱི་དོན་ལུ་ ལཱ་འབད་དགོ་བདེ་ཏོག་ཏོ་སྦེ་བཟོ་ནི་གི་དོན་ལས་ བཟོ་བསྐྲུན་འཛིན་སྐྱོང་གི་མཉེན་ཆས་འདི་ དུས་མཐུན་འབད་དེ་འདུག

མཉེན་ཆས་འདི་ ཞབས་ཏོག་ལྷན་ཁག་འོག་གི་ ལས་སྡེ་ཆམཉམ་གྱིས་རང་ ཤུལ་མའི་རྩིས་ལོ་ནང་ལས་ ལག་ལེན་འཐབ་དགོ་ནི་ཨིན་མས།

བཟོ་རིག་ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་གྲུབ་ཆུ་གིས་སླབ་མི་ནང་ མཉེན་ཆས་དེ་སྦེ་ལག་ལེན་འཐབ་བཅུག་མི་འདི་ ངོ་མ་རང་ བཟོ་བསྐྲུན་ལས་སྡེ་ནང་ལུ་ ལམ་ལུགས་མགུ་རྙོག་དྲགས་སྦེ་ཡོད་མི་ཚུ་ འཇམ་ཏོང་ཏོ་སྦེ་བཟོ་ནི་དང་ བཟོ་རིག་འགོ་དཔོན་ཚུ་ལུ་ ལྷན་ཐབས་འབྱུང་ནི་གི་དོན་ལུ་ཨིན་ཟེར་བཤད་ཅི།

མཉེན་ཆས་འདི་ བཟོ་རིག་འགོ་དཔོན་ཚུ་གིས་ ལས་འགུལ་གྱི་འཆར་གཞི་བཟོ་ནི་དང་ ཁག་འབག་གན་རྒྱ་བཟོ་ནི་ དེ་ལས་ ལས་འགུལ་བལྟ་རྟོག་ཚུ་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

ད་རུང་ མཉེན་ཆས་འདི་གིས་ བཟོ་བསྐྲུན་ལས་སྡེ་ནང་ལུ་ ཟད་འགྲོ་གི་ཕོག་ཚད་བཏོན་ནི་དང་ རྩི་ཁྲ་བཏོན་ནི་ དེ་ལས་ ལཱ་གི་གྲུབ་འབྲས་སྙན་ཞུ་འབད་ནི་དང་ རྒྱུ་ཆ་གི་ཚད་རྩིས་བཏོན་ནི་ཚུ་ནང་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་མས།

འདི་བཟུམ་སྦེ་ བཟོ་བསྐྲུན་གྱི་ནང་ལུ་ དྭངས་གསལ་དང་འགན་ཁྲི་ཡར་དྲག་བཏང་ཚུགས་ནི་ཨིནམ་མ་ཚད་ བཟོ་རིག་འགོ་དཔོན་ཚུ་གིས་ ད་རེས་བཟུམ་སྦེ་ ཀི་དེབ་ནང་ལས་ཕར་ ཐོ་བཞག་དགོ་པའི་སྲོལ་ཡོད་མི་འདི་ཡང་ མེདཔ་སྦེ་བཟོ་ནི་ཨིན་མས།

མཉེན་ཆས་འདི་ སྤྱི་ལོ་༢༠༠༢ལུ་ ཤེས་རིག་ལྷན་ཁག་འོག་གི་ སློབ་གྲྭ་འཆར་གཞི་དང་བཟོ་རིག་ལས་ཚན་གྱིས་ བཟོ་ཡོདཔ་ཨིན་རུང་ ལག་ལེན་འཐབ་དགོ་བདེ་ཏོག་ཏོ་སྦེ་མེད་ནི་འདི་གིས་ མང་ཤོས་ཅིག་གིས་རང་ ལག་ལེན་མ་འཐབ་པར་ལུས་སོང་ནུག

ད་རེས་ དུས་མཐུན་འབད་དེ་ཡོད་པའི་ མཉེན་ཆས་འདི་ དངུལ་རྩིས་ལྷན་ཁག་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ཚུ་གིས་ ཞིབ་དཔྱད་འབད་དེ་ཡོདཔ་མ་ཚད་ ཐིམ་ཕུག་དང་བསམ་རྩེ་ལུ་ཡང་ མོ་བཏབ་ཐོག་ལུ་ ལག་ལེན་འཐབ་བལྟ་ནུག

མཉེན་ཆས་འདི་དང་ ལག་ལེན་ལག་དེབ་འདི་ ཞབས་ཏོག་ལྷན་ཁག་འོག་གི་ བཟོ་རིག་ཞབས་ཏོག་ལས་ཁུངས་ཀྱིས་ ལས་སྡེ་དང་ཡིག་ཚང་ཚུ་ནང་ལས་ཕར་ བཀྲམ་ནི་ཨིནམ་མ་ཚད་ སྦྱོང་བརྡར་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་མས།

ལྷན་ཁག་འདི་གིས་ མཉེན་ཆས་ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ ད་ལྟོ་ཚུན་ཚོད་ ལས་སྡེ་མ་འདྲཝ་ཚུ་ནང་ལས་ བཟོ་རིག་འགོ་དཔོན་༦༦༠ལྷགཔ་ཅིག་ལུ་ སྦྱོང་བརྡར་ཚུ་འབྱིན་ནུག

 

གནས་ཚུལ་བསྡུ་ལེན་པ་ པ་སངས་རྡོ་རྗེ།

ཐིམ་ཕུག