གཟའ་ལྷག་པ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༤

ཨེ་མ་ཧོནམོ་ནང་འདྲེན་འཐབ་པ་ཅིན་ ཉེས་བྱ་ ཀེ་ལྗིད་རེ་ལུ་ ཁྲོམ་ཁའི་གོང་ཚད་ལས་ ཚར་༡༠ཐེབ་སྤྲོད་དགོཔ།

སྤྱི་ཟླ་༥ པའི་ཚེས་ ༡༩ ༢༠༢༠

༉ དགེ་ལེགས་ཕུག་ལུ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་འགོ་དཔོན་ཚུ་གིས་ ཁ་ཙ་ ཕྱི་ལས་ནང་འདྲེན་འཐབ་མི་ ཨེ་མ་ཧོནམོ་ཀེ་ལྗིད་༡༧༠མ་ལངམ་ཅིག་ འཕྱོག་ནུག

འདི་ཡང་ ཁོང་འགོ་དཔོན་ཆ་ཁྱབ་ཀྱིས་ ཚོད་བསྲེ་ཁྲོམ་ཁ་ལུ་ དུས་རྒྱུན་གྱི་ཞིབ་དཔྱད་འབད་བའི་སྐབས་ལུ་ བདའ་ཟུན་ཡོདཔ་ཨིན་མས།

དུས་ཅི་ སྤྱི་ཟླ་༣་པའི་ནང་ལས་ ས་མཚམས་ཀྱི་འཛུལ་སྒོ་ཚུ་སྡམ་པའི་ཤུལ་ལས་ དགེ་ལེགས་ཕུག་གི་ཚོད་བསྲེ་ཁྲོམ་ཁ་ལུ་ ཁྲིམས་འགལ་གྱི་ཐོག་ལས་ ཨེ་མ་དེ་སྦེ་ནང་འདྲེན་འཐབ་མི་འདི་ ད་རེས་ཐེངས་དང་པ་ བདའ་ཟུན་ཏེ་འདུག

འགོ་དཔོན་ཚུ་གིས་སླབ་མི་ནང་ ཁྲིམས་འགལ་གྱི་ཐོག་ལས་ ཨེ་མ་ནང་འདྲེན་འཐབ་མི་ཚུ་གིས་ ཉེས་བྱ་སྦེ་ ཁྲོམ་ཁ་ལུ་ ཨེ་མ་གི་གོང་ཚད་ག་དེ་ཅིག་ཡོདཔ་ཨིན་ན་ འདི་ལས་ ཚར་༡༠ཐེབ་སྤྲོད་དགོ་ཟེར་བཤད་ཅི།

འདི་འབདཝ་ལས་ ད་རེས་ ཁྲོམ་ཁ་ལུ་ གཞུང་གི་ཨ་མ་གི་གོང་ཚད་འདི་ ཨེ་མ་ཀེ་ལྗིད་རེ་ལུ་ དངུལ་ཀྲམ་༡༥༨སྦེ་ཡོད་མི་གུ་རྩིས་རྐྱབ་པའི་སྐབས་ ཀེ་ལྗིད་རེ་ལུ་ ཉེས་བྱ་དངུལ་ཀྲམ་༡༥༨༠རེ་ སྤྲོད་དགོ་ནི་ཨིན་མས།

ས་གནས་ཀྱི་མི་སེར་ཚུ་གིས་སླབ་མི་ནང་ ཁྲོམ་ཁ་ལུ་ ནང་འཁོད་ཀྱི་ཨེ་མ་ ཉོ་མི་དེ་ཅིག་རང་མེད་མི་འདི་ཡང་ ཕྱི་ལས་ ཁྲིམས་འགལ་གྱི་ཐོག་ལས་ ནང་འདྲེན་འཐབ་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་བཤད་ཅི།

འདི་བཟུམ་སྦེ་ སངྱས་ལས་གྲགས་ཀྱིས་ ཕྲལ་ཁམས་ཅིག་ཁར་ དགེ་ལེགས་ཕུག་གི་ཚོད་བསྲེ་ཁྲོམ་ཁ་ལུ་ ཨེ་མ་ཀེ་ལྗིད་༢༠༠དེ་ཅིག་ བཙོང་པར་འབག་འོང་སྟེ་ཡོད་རུང་ བཙོང་མ་ཚུགས་པར་ ཚོང་ཁང་ཅིག་གི་ནང་ལུ་ བཙོང་བཅུག་སྟེ་བཞག་དགོཔ་ཐོན་ནུག

ཁོ་གིས་སླབ་མི་ནང་  ཨེ་མ་ཀེ་ལྗིད་རེ་ལུ་ ཟླཝ་༢ཀྱི་ནང་འཁོད་ གོང་ཚད་དངུལ་ཀྲམ་༣༠༠་ཐོབ་སྟེ་ཡོད་རུང་ ད་རེས་༢༠༠་ལུ་ མར་ཕབ་སོང་སྟེ་འདུག་ཟེར་བཤད་ཅི། འབྲུག་ལུ་ སྤྱི་ལོ་༢༠༡༦་ལས་ཚུར་ ཕྱི་ལས་ཨེ་མ་ནང་འདྲེན་འཐབ་ནི་འདི་ བཀག་ཆ་འབད་དེ་ཡོདཔ་ཨིན།

 

གནས་ཚུལ་བསྡུ་ལེན་པ་ ཀརྨ་དབང་འདུས།

དགེ་ལེགས་ཕུག