གཟའ་ལྷག་པ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༤

གསོ་བའི་ལས་བྱེདཔ་ལུ་ རྒྱབ་སྐྱོར་ཀྱི་དོན་ལུ་ ཁས་བླངས་པ་ཚུ་ལུ་སྦྱོང་བརྡར།

སྤྱི་ཟླ་༥ པའི་ཚེས་ ༡༩ ༢༠༢༠

༉ གསོ་བའི་ལྷན་ཁག་གིས་ ནད་ཡམས་ཀོ་ཝིཊ་ནཱའིན་ཊིན་ལུ་ གདོང་ལེན་འབད་ནི་གི་དོན་ལས་ སྨན་གཡོགམོ་ཚུ་ལུ་ རྒྱབ་སྐྱོར་འབད་ཐབས་ལུ་དམིགས་ཏེ་ ཁས་བླངས་པ་༣༠༠དེ་ཅིག་ལུ་ སྦྱོང་བརྡར་ཚུ་འབྱིན་ནི་ཨིན་མས།

ད་རེས་ ལྷན་ཁག་འདི་གིས་ ཁས་བླངས་པ་༡༥༠ལྷགཔ་ཅིག་ལུ་ འདི་བཟུམ་གྱི་སྦྱོང་བརྡར་འབྱིན་ཚུ་འབྱིན་ཚར་ཏེ་ཡོདཔ་ད་ ཕྲལ་ཁམས་ཅིག་ཁར་ མོང་སྒར་ལུ་ཡང་ འགོ་འདྲེན་འཐབ་ནུག

བདུན་ཕྲག་གཅིག་གི་རིང་འགོ་འདྲེན་འཐབ་སྟེ་ཡོད་མི་ སྦྱོང་བརྡར་ཤོ་ཐེངས་༧པ་འདི་ནང་ལུ་ ཤར་ཕྱོགས་རྫོང་ཁག་༦གི་ནང་ལས་ ཞི་གཡོགཔ་༢༤གིས་ བཅའ་མར་གཏོགས་ཏེ་ཡོདཔ་ཨིན།

གསོ་བའི་ལྷན་ཁག་ནང་ལས་ ལས་རིམ་འགོ་དཔོན་ བཀྲིས་གྲུབ་པ་གིས་སླབ་མི་ནང་ འབྲུག་ལུ་ ད་རེས་ གསོ་བའི་ལས་བྱེདཔ་ སྟོང་ཕྲག་༣ལྷགཔ་ཅིག་ལས་བརྒལ་མེདཔ་ལས་ ག་དེ་ཅིག་འབད་ ནད་ཡམས་འདི་གི་གནས་སྟངས་འདི་ སྐྱོ་དྲག་ཅིག་ལུ་འགྱུར་བ་ཅིན་ ཁོང་གསོ་བའི་ལས་བྱེདཔ་ཆ་ཁྱབ་ ཀོ་ཝིཊ་ནཱའིཎ་ཊིན་གྱི་ ནདཔ་འཚུབས་ཅན་དང་ གཞན་མི་ནདཔ་ཚུ་ལུ་ སྨན་བཅོས་འབད་དེ་ སྡོད་དགོཔ་ཐོན་འོང་ཟེར་ཨིན་མས།

འདི་འབདཝ་ལས་ དུས་ཚོད་དེ་བསྒང་ ཁོང་སྦྱོང་བརྡར་ཐོབ་སྟེ་ཡོད་མི་ ཁས་བླངས་པ་ཚུ་གིས་ གསོ་བའི་ལས་བྱེདཔ་ཚུ་ལུ་ རྒྱབ་སྐྱོར་ཚུ་འབད་ཚུགས་ཟེར་བཤད་ཅི།

སྦྱོང་བརྡར་གྱི་སྐབས་ལུ་ ཁོང་ཁས་བླངས་པ་ཚུ་གིས་ རང་སྐྱོབ་ཅ་ཆས་ཚུ་ ལེགས་ཤོམ་སྦེ་ལག་ལེན་འཐབ་ཐངས་དང་ གཞན་མི་ ནདཔ་བདག་འཛིན་འཐབ་ཐངས་དང་འབྲེལ་བའི་ རིག་རྩལ་ཚུ་གི་སྐོར་ལས་ ལྷབ་ནུག

སྦྱོང་བརྡར་འདི་ནང་ལུ་ བཅའ་མར་གཏོགས་མི་ ཁས་བླངས་པ་ཆ་ཁྱབ་ ཡོངས་འབྲེལ་གྱི་ཐོག་ལས་ དབྱེ་ཞིབ་འབད་ཞིན་ན་ ངོ་སྦྱོར་གྱི་ལག་ཁྱེར་ཚུ་ འབྱིན་དོ་ཡོདཔ་ཨིན་མས།

སྦྱོང་བརྡར་འདི་གི་རྩ་གཞུང་འདི་ཡང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ གསོ་བའི་ལྷན་ཁག་དང་མཉམ་འབྲེལ་འབད་དེ་ བཟོ་ནུག

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་ཚེ་རིང་།

མོང་སྒར།