གཟའ་ལྷག་པ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༤

རྒྱལ་ཡོངས་དཔལ་འབྱོར་འདུན་ལམ་གྱི་འགོ་ཐོག་སྙན་ཞུ་འདི་ ཤུལ་མའི་བདུན་ཕྲག་ནང་ མཐའ་དཔྱད་བཟོ་ནི་ཨིནམ།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༢༠

༉ དུས་རབས་ ༢༡ པའི་ རྒྱལ་ཡོངས་དཔལ་འབྱོར་འདུན་ལམ་གྱི་འགོ་ཐོག་སྙན་ཞུ་འདི་ གྲ་སྒྲིག་ཚུད་དེ་ཡོད་མི་དང་བསྟུན་ རྒྱལ་ཡོངས་ལས་བྱེད་ཚོགས་ཆུང་གིས་ ཤུལ་མའི་བདུན་ཕྲག་ནང་ལུ་ ཆེ་རིམ་གནས་ཚད་ཀྱི་ཞལ་འཛོམས་ནང་ གསལ་ཞུ་ཕུལ་ཏེ་སྦེ་ གསུང་གྲོས་ཚུ་གནང་སྟེ་ མཐའ་དཔྱད་བཟོ་ནི་ཨིན་པས།

འདུན་ལམ་འདི་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དང་ ལཱ་གཡོག་གི་གོ་སྐབས་བཟུམ་མའི་ བརྡ་སྟོན་ཚུ་ལུ་གཞི་བཞག་སྟེ་ མ་འོངས་པའི་མི་རབས་ཚུ་ལུ་ དཔལ་འབྱོར་གྱི་གོ་སྐབས་ཚུ་བཟོ་ནི་ནང་ དམིགས་གཏད་སྐྱེདཔ་ཨིན་པས།

འདི་ཡང་ དཔལ་འབྱོར་འདུན་ལམ་འདི་གིས་ སྒེར་སྡེ་གོང་འཕེལ་བཏང་ནི་ནང་ གཙོ་རིམ་བཟུང་ནི་ཨིནམ་མ་ཚད་ འཕྲུལ་རིག་ཚུ་གིས་སྦེ་དྲུད་བདའ་མི་ དཔལ་འབྱོར་གོང་འཕེལ་འགྱོ་མི་གི་ཐད་ཁར་ཡང་ གཙོ་རིམ་བཟུང་ནི་ཨིན་མས།

རྒྱལ་ཡོངས་ལས་བྱེད་ཚོགས་ཆུང་གི་ཁྲི་འཛིན་ ཀུན་དགའ་ཚེ་རིང་གིས་བཀོད་མི་ནང་ གཙོ་རིམ་དེ་སྦེ་བཟུང་མི་འདི་ཡང་ འཕྲུལ་རིག་དང་ལྡན་པའི་མི་སྡེ་བཟོ་ནི་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་དང་འཁྲིལ་ཏེ་ ཨིན་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ད་རེས་ ནད་ཡམས་ཀྱི་གནས་སྟངས་ལས་བརྟེན་ དཔལ་འབྱོར་གྱི་ལམ་སྟོན་ཆ་འཇོག་འབད་དགོཔ་འདི་ ཁག་ཆེཝ་སྦེ་རང་འཐོན་ཏེ་ཡོད་ཟེར་ཨིན་མས།

འདི་བཟུམ་སྦེ་ མ་འོངས་པའི་མི་རབས་ཚུ་ལུ་ རྒྱུ་ནོར་དང་ལཱ་གཡོག་གི་གོ་སྐབས་ཚུ་བཟོ་ནི་ནང་ ཤེས་རིག་དང་གསོ་བ་ དེ་ལས་ གཞི་རྟེན་མཐུན་རྐྱེན་བཟུམ་མའི་ མི་སྡེ་ལས་ཚན་ཚུ་ལུ་ཡང་ གཙོ་རིམ་བཟུང་ནི་ཨིན་མས།

མཐའ་དཔྱད་ཀྱི་དཔལ་འབྱོར་ལམ་སྟོན་འདི་ སང་ཕོད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་གྱི་ཉིནམ་ལུ་ འགོ་འབྱེད་འབད་ནི་ཨིནམ་ད་ ལམ་སྟོན་འདི་ཡང་ སྤྱི་ལོ་ ༢༠༣༠ ཚུན་ཚོད་ བསྟར་སྤྱོད་འབད་ནི་ཨིན་མས།