གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

ཡོངས་འབྲེལ་གྱི་ཐོག་ལས་ཁ་རྗེ་རྒྱན་ཤོག་གི་རྩེདམོ་རྩེད་མི་འདི་ ཁྲིམས་འགལ་ཨིནམ།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༢༠

༉རྒྱལ་ཁབ་ནང་ད་རེས་ནངས་པ་ཡོངས་འབྲེལ་གྱི་ཐོག་ལས་ཁ་རྗེ་རྒྱན་ཤོག་གི་ལས་སྣ་ཚུ་ཡོངས་གྲགས་འཐོན་དོ་ཡོདཔ་ཨིན་རུང་བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱིས་འབད་བ་ཅིན་ ལས་དོན་འདི་ཉེན་ཁ་ཅན་གྱི་རྩེད་རིགས་ཅིག་འབདཝ་ལས་ཁྲིམས་ལས་འགལ་བའི་རྩེདམོ་ཨིན་ཟེར་བཤད་ཅི།

འདི་འབདཝ་ལས་ལས་ཁུངས་ཀྱིས་ཡོངས་འབྲེལ་གྱི་རྩེདམོ་འདི་ལུ་དམ་དམ་སྦེ་རང་ལྟ་རྟོགས་འབད་དོ་ཡོདཔ་ད་ག་དེ་ཅིག་སྦེ་རྩེདམོ་འདི་ནང་འབྲེལ་གཏོགས་འབད་མི་རེ་བདའ་ཟུན་པ་ཅིན་ཁྲིམས་ལུགས་དང་འཁྲིལ་ཏེ་ངོས་ལེན་འབད་ནི་ཨིན་མས།

བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱིས་འཕྲལ་ཁམས་ཅིག་ཁར་མི་དམངས་ལུ་མི་སྡེའི་བརྡ་བརྒྱུད་ཚུ་བརྒྱུད་དེ་ བྷུ་ཊན་ཀྲི་ཡར་དང་ ནའིཊ་ཀྲི་ཡར་ དེ་ལས་ ཤི་ལོང་ཀྲི་ཡར་དང་ ཨཱར་ལི་ནའིཊ་ཀྲི་ཡར་ འདི་བཟུམ་སྦེ་ ནའིཊ་ཀྲི་ཡར་ཤི་ལོང་དང་ ལོག་ཌའོན་ཀྲི་ཡར་གེམ་

ཚུ་རྩིས་ཏེ་གཞན་མི་ཡོངས་འབྲེལ་གྱི་ཐོག་ལས་རྒྱན་ཤོག་གི་རྩེདམོ་ཚུ་རྩེད་ནི་ལས་འཛེམ་དགོཔ་སྦེ་ ཁྱབ་བསྒྲགས་འབད་དེ་འདུག

ད་རུང་ལས་ཁུངས་འདི་ནང་ལས་འགོ་དཔོན་ཚུ་གིས་བཀོད་མི་ནང་འདི་བཟུམ་གྱི་རྩེདམོ་འདི་དྭངས་གསལ་ག་ནི་ཡང་མེད་པའི་ཁར་ མི་སྡེ་ནང་ལས་ཕར་ སྟབས་མ་བདེཝ་འཐོན་ནི་གི་ ཉེན་ཁ་ཡོད་ཟེར་བཤད་ཅི།

ད་རུང་ཁོང་ཆ་ཁྱབ་ཀྱིས་བཤད་མི་ནང་ལས་ཁུངས་ཀྱི་ཁ་ཐུག་ལས་འདི་བཟུམ་གྱི་རྩེདམོ་འགོ་འདྲེན་འཐབ་མི་དག་པ་ཅིག་བདའ་ཟུན་ཡི་ཟེར་ཨིནམ་ད་ཁོང་ཆ་ཁྱབ་ཀྱིས་ལས་ཁུངས་ལུ་རྩེད་རིགས་ཚུ་འགོ་འདྲེན་འཐབ་ནི་ལས་ འདི་འཕྲོ་ལས་རང་བཞག་ནི་སྦེ་ ཁས་ལེན་འབད་དེ་ཡོད་ཟེར་ཨིན་མས།

ཨིན་རུང་ད་ལས་ཕར་མི་ངོམ་ག་གིས་འབད་རུང་རྩེདམོ་འདི་འགོ་བཙུགས་ནི་དང་རྩེད་དོ་ཡོདཔ་སྦེ་བདའ་ཟུན་པ་ཅིན་འབྲུག་གི་ཉེས་འགལ་ཁྲིམས་དེབ་དང་འཁྲིལ་ཏེ་དང་ལེན་འབད་འོང་ཟེར་ཨིན་མས།

འདི་དང་གཅིག་ཁར་ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ ད་རེས་ རྒྱལ་ཁབ་ནང་ བྷུ་ཊན་ལོ་ཊ་རི་ཟེར་མི་རྒྱན་ཤོག་གི་རྩེདམོ་འདི་རྐྱངམ་ཅིག་ཁྲིམས་མཐུན་གྱི་ངོས་ལེན་ཡོདཔ་མ་གཏོགས་གཞན་མི་ཚུ་ཁྲིམས་མཐུན་མེན་ཟེར་ཨིན་མས།

འདི་ལུ་འགོ་དཔོན་ཚུ་གིས་སླབ་མི་ནང་ བྷུ་ཊན་ལོ་ཊ་རི་གི་ཐད་ཁར་མི་སྡེའི་ཕན་གནོད་ཚུ་ལྟ་རྟོགས་འབད་དོ་ཡོདཔ་ལས་ཁག་ཆེཝ་རེ་འཐོན་པ་ཅིན་བར་འཛུལ་ཚུ་ཡང་འབད་དོ་ཟེར་བཤད་ཅི།