གཟའ་པ་སངས། ༢༠༢༠ ཟླ་༤ པའི་སྤྱི་ཚེས་༢

བདུན་ཕྲག་གཉིས་ཀྱི་རིང་ བལྟ་བཤལཔ་བཀག་ཆ་འབད་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༡༠ ༢༠༢༠

༉ རྒྱལ་ཁབ་ནང་ལུ་ ཀོ་ཝིཊ19ཐོན་པའི་ཤུལ་ གཞུང་གིས་ འདས་པའི་གཟའ་སྤེནམ་ལསའགོ་བཙུགས་ཏེ་ རྒྱལ་ཁབ་ནང་ལུ་བལྟ་བཤལཔ་འོང་མི་འདི་ བདུན་ཕྲག་༢ཀྱི་རིང་ བཀག་ཆ་འབད་དེ་བཞག་ཡོདཔ་ཨིན།

འདི་འབདཝ་ལས་ འབྲུག་མཁའ་འགྲུལ་དང་ བཀྲིས་མཁའ་འགྲུལ་གཉིས་ཆ་ར་གིས་ ད་ལས་ཕར་ བདུན་ཕྲག་གཉིས་ཀྱི་རིང་ལུ་ ཕྱི་ལས་བལྟ་བཤལཔ་འོང་མི་ཚུ་ འབག་མི་འོང་ནི་ཨིན་མས།

འདི་བཟུམ་སྦེ་ ཕུན་ཚོགས་གླིང་ ས་མཚམས་བརྒྱུད་དེ་སྦེ་འོང་མི་བལྟ་བཤལཔ་ཚུ་ཡང་ རིན་ཆེན་ལྡིང་ ཁྲིམས་སྲུང་སྒོ་ར་ནང་ལས་ བཀག་ཆ་འབད་ནི་ཨིན་མས།

ཨིན་རུང་ གནས་ཚུལ་ཞལ་འཛོམས་ཅིག་ཚོགས་པའི་སྐབས་ལུ་ བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་གསུང་མི་ནང་ ས་མཚམས་ཁྲོམ་གྱི་འཛུལ་སྒོ་ཚུ་ སྒོ་ཕྱི་སྟེ་བཞག་ནི་ཨིན་རུང་ ས་གནས་ནང་ལུ་ ནད་འབུབ་འདི་ཐོབ་སྟེ་ཡོད་པ་ཅིན་ འཛུལ་སྒོ་ཚུ་ཡང་ སྒོ་བསྡམ་བཞག་འོང་ཟེར་ཨིན་མས།

གཞུང་ལུ་ ཧེ་མ་ལས་ར་ རྒྱལ་ཁབ་ནང་ལུ་ བལྟ་བཤལཔ་འོང་མི་འདི་ ག་ཅིག་སྦེ་བཀག་ཆ་མ་འབདཝ་ཨིན་ན་ཟེར་ དྲི་བ་ཞུ་བའི་ལན་ལུ་ བློན་ཆེན་གྱིས་ བལྟ་བཤལཔ་འོང་ནི་ དེ་སྦེ་བཀག་ཆ་འབད་ད་པ་ཅིན་ འབྲུག་མི་སྟོང་ཕྲག་༥༠དེ་ཅིག་ལུ་ ལཱ་གཡོག་མེད་པར་ལུས་ནི་མས་ཟེར་གསུང་ཡི།

ད་རུང་ བློན་ཆེན་གྱིས་གསུང་མི་ནང་ བདུན་ཕྲག་གཉིས་ཀྱི་ནང་འཁོད་ལུ་ ནད་གཞི་འདི་བཀག་ཐབས་འབད་ཚུགས་པ་ཅིན་ གཞུང་གི་ཁ་ཐུག་ལས་ རྒྱལ་ཁབ་ནང་ལུ་ བལྟ་བཤལཔ་འོང་མ་བཅུག་པར་ བཀག་ཆ་འབད་དེ་བཞག་མི་འདི་ ཆ་མེད་གཏང་འོང་ཟེར་ཨིན་མས།