གཟའ་མིག་དམར། ༢༠༢༠ ཟླ་༢ པའི་སྤྱི་ཚེས་༡༧

མི་དབང་རྒྱལ་བཙུན་མཆོག་ལས་ མི་དབང་རྒྱལ་སྲས་མཆོག་གི་སྐུ་མཆེད་ཅིག་འཁྲུངས་ནི་ཨིན་མི་ལུ་ མི་སེར་ཚུ་ལུ་དགའ་སྤྲོ།

སྤྱི་ཟླ་༡༢ པའི་ཚེས་ ༡༨ ༢༠༡༩

༉ ད་རིས་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢པ་བརྩི་སྲུང་ཞུ་ས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགྱོགས་པ་རང་ མི་དབང་རྒྱལ་བཙུན་མཆོག་ལས་ མི་དབང་རྒྱལ་སྲས་མཆོག་གི་སྐུ་མཆེད་ཅིག་ འཁྲུངས་ནི་ཡོད་ཟེར་ གནས་ཚུལ་བཟང་པོ་གསུངསམ་ཅིག་རང་ ལྕང་གླིང་མི་ཐང་ནང་འཛོམས་མི་ཚུ་གིས་ ལགཔ་ཐལ་རྩེད་བརྡུང་ཞིནམ་ལས་ དགའ་འཚོར་ཚུ་ཞུ་ཡི།

མི་དབང་མངའ་ཞབས་མཆོག་གིས་ དེ་སྦེ་གནས་ཚུལ་བཟང་པོ་གསུངས་གནང་མི་འདི་གིས་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་འདི་ ཧེང་སྐལ་རང་ རྩ་ཆེ་བའི་དུས་ཆེན་གཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་མཆོག་གི་སྐུ་མཆེད་འདི་ཡང་ སང་ཕོད་ རང་ལུགས་གནམ་ལོ་ལྕགས་ཕོ་བྱི་ལོ་ནང་ལུ་ འཁྲུངས་འོང་ཟེར་གསུངས་གནང་ཡི།

དེ་སྦེ་གསུང་གནང་མི་འདི་ལུ་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་སེར་ཚུ་གིས་སླབ་མི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ལས་ མི་དབང་རྒྱལ་སྲས་མཆོག་གི་སྐུ་མཆེད་འབྱོན་ནི་སྦེ་ཡོད་མི་འདི་ རྒྱལ་ཁབ་ནང་ལུ་ མངའ་ཐངས་དར་ཞིང་རྒྱས་ཏེ་ དབང་ཕྱུག་བརྒྱུད་འཛིན་རྒྱས་པའི་ རྟགས་མཚན་ཅིག་འབདཝ་ལས་ སྤྲོ་སྣང་དང་དགའ་སྤྲོ་ཚུ་ ཚད་མེདཔ་ཅིག་འབྱུང་སྟེ་ཡོད་ཟེར་བཤད་ཅི།

ད་རུང་ མི་སེར་ཚུ་གིས་བཀོད་མི་ནང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ལས་ འགོ་དང་པ་རང་སྲས་གཅིག་འཁྲུངས་ཏེ་ཡོདཔ་ལས་ ད་རེས་ སྲསམོ་གཅིག་འཁྲུངས་བའི་ རེ་བ་དང་སྨོན་ལམ་ཡོདཔ་སྦེ་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དེ་སྦེ་གནས་ཚུལ་བཟང་པོ་ཅིག་གསུངས་གནང་ནི་འདི་གིས འབྲུག་པའི་མི་སེར་རེ་རེ་བཞིན་དུ་གི་སེམས་ཁར་ གཞི་བདེ་དང་དགའ་སྤྲོ་ཚུ་ བསམ་གྱི་མི་ཁྱབ་པར་འབྱུང་སྟེེ་སྦེ་འདུག