གཟའ་མིག་དམར། ༢༠༢༠ ཟླ་༢ པའི་སྤྱི་ཚེས་༡༧

རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢པ་འདི་ ཐིམ་ཕུག་ ལྕང་གླིང་མི་ཐང་ནང་ལུ་སྦེ་ བརྩི་སྲུང་ཞུ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༡༨ ༢༠༡༩

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་རིས་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢པ་འདི་ ཐིམ་ཕུག་ ལྕང་གླིང་མི་ཐང་ནང་ལུ་སྦེ་ བརྩི་སྲུང་ཞུ་གནང་ཡི།

ཉིནམ་བརྩི་སྲུང་ཞུ་ས་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ དེ་ལས་ མི་དབང་རྒྱལ་སྲས་མཆོག་དང་ མི་དབང་སྐུ་འཁོར་ཚུ་གིས་ཡང་ དབུ་བཞུགས་མཛད་གནང་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ དེ་ལས་ མི་དབང་རྒྱལ་སྲས་མཆོག་ དུས་སྟོན་བརྩི་སྲུང་གི་རྟེན་འབྲེལ་ཐང་འདི་ནང་འཕེབས་པའི་སྐབས་ རང་ལུགས་ཆིབས་གྲལ་བཙར་ཏེ་སྦེ་ གདན་འདྲེན་ཞུ་ཡི།

དུས་ཅི་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་འདི་ཡང་ གཅིག་མཐུན་དང་གཅིག་སྒྲིལ་ དེ་ལས་ གཞི་བདེ་དང་དགའ་སྐྱིད་ཟེར་མི་བརྗོད་དོན་གྱི་ཐོག་ལུ་ བརྩི་སྲུང་ཞུ་སྟེ་ཡོདཔ་ཨིན།

ཉིནམ་ཁྱད་པར་ཅན་འདི་ བརྩི་སྲུང་ཞུ་ནི་གི་དོན་ལས་ མི་སེར་ཚུ་གིས་ ད་རེས་ གནམ་བསིལ་དྲག་སྦེ་ཡོད་མི་ལུ་མ་ལྟ་བར་ ཁ་ཙ་ ཕྱི་རུ་ཆུ་ཚོད་༡༡དེ་ཅིག་ལས་རང་ ལྕང་གླིང་མི་ཐང་ནང་ལུ་ འཛོམས་ནི་འགོ་བཙུགས་ནུག

ལྕང་གླིང་མི་ཐང་གི་འཛུལ་སྒོ་ཚུ་ཡང་ ད་ས་དྲོ་པ་ ཆུ་ཚོད་༤ལས་སྒོ་བསྡམས་ཡོདཔ་ད་ དུས་སྟོན་ནང་འོང་མི་ཚུ་གིས་ འབྲུག་གི་རྒྱལ་དར་དང་ཁ་རྗེ་རྒྱན་ཤོག་ དེ་ལས་ ཟ་འཐུང་གི་རིགས་དང་སྐུ་པར་ཚུ་ཡོད་མི་ ཕད་ཅུང་རེ་ཐོབ་སྟེ་འདུག

ཉིནམ་བརྩི་སྲུང་ཞུ་ས་ལུ་ རང་ལུགས་ཀྱི་ལས་རིམ་ཚུ་ཡང་ གཞན་དང་མ་འདྲཝ་ཅིག་སྦེ་རང་ སྤྱན་འབུལ་ཞུ་ཡོད་ས་ལས་ གཅིགཔོ་འདི་ ཐིམ་ཕུག་ནང་འཁོད་ཀྱི་སློབ་ཕྲུག་ཚུ་གིས་ རྒྱལ་ཁབ་གོང་འཕེལ་གྱི་སྐོར་ལས་ སྤྱན་འབུལ་ཞུ་མི་འདི་ཨིན་མས།

དུས་ཅི་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་འདི་གིས་ དུས་གསུམ་གྱི་རྒྱལཔོ་རིམ་འབྱོན་ཚུ་ལུ་ གུས་བཏུད་ཞུ་ཚུགས་ཏེ་ཡོད་པའི་ཁར་ རྒྱལ་ཁབ་ནང་ གཞི་བདེ་དང་དགའ་སྐྱིད་གནད་དོན་ཚུ་ཡང་ བརྩི་སྲུང་ཞུ་ཚུགས་ཏེ་ཡོདཔ་ཨིན།

རྒྱལ་ཡོངས་དུས་ཆེན་འདི་ ལོ་ཨ་རྟག་ར་ སྤྱི་ཟླ་༡༢པའི་སྤྱི་ཚེས་༡༧ལུ་བརྩི་སྲུང་ཞུ་དོ་ཡོདཔ་ད་ འདི་ཡང་ སྤྱི་ལོ་༡༩༠༧ལུ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ འབྲུག་རྒྱལ་དང་པའི་གསེར་ཁྲི་གུ་ ཁྲི་མངའ་གསོལ་ཞུ་ཞིནམ་ལས་ འབྲུག་རྒྱལ་ཁབ་འདི་ རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་གཅིག་སྦེ་ དབུ་བརྙས་པའི་དུས་སྟོན་ཅིག་ཨིན་མས།