གཟའ་མིག་དམར། ༢༠༢༠ ཟླ་༢ པའི་སྤྱི་ཚེས་༡༧

ལྷོཔ་མི་སྡེ་གི་ཨ་ལུ་ཚུ་གིས་ སློབ་གྲྭ་ནང་ལས་འཐོན་འགྱོ་དོ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༢ ༢༠༡༩

༉ བསམ་རྩེ་རྫོང་ཁག་ ངག་དབང་རམ་སྟོད་ཀྱི་ལྷོཔ་མི་སྡེའི་ཨ་ལུ་ཚུ་གིས་ སློབ་རིམ་༡༢་པའི་ནང་ལས་ མཐར་མ་འཁྱོལཝ་ཅིག་ལས་ར་ སློབ་གྲྭ་ནང་ལས་འཐོན་སྡོད་དོ་ཡོདཔ་ལས་ མི་སྡེ་འདི་ནང་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་གཅིག་འཐོན་ཚུགས་པ་ལུ་ ཉུང་ཤོས་རང་ ལོ་དག་པ་ཅིག་འགོར་ནི་ཨིན་མས།

དེ་སྦེ་ སློབ་གྲྭ་ནང་ལས་ འཐོན་སྡོད་མི་ཚུ་གི་གྲལ་ལས་ གཅིག་འདི་ སྐྱེས་ལོ་༢༣ལང་མི་ སྤེན་ཏོ་ཚེ་རིང་ཌོ་ཡ་ཨིནམ་ད་ ཁོ་གིས་ ན་ཧིང་སློབ་རིམ་༧པའི་ནང་ལས་ མཐར་མ་འཁྱོལ་ནི་འདི་གིས་ ད་རེས་ སློབ་གྲྭ་ནང་ལས་འཐོན་ཏེ་ ཕམ་ཚུ་ལུ་ཆ་རོགས་ཚུ་འབད་དེ་ སྡོད་དོ་ཡོདཔ་ཨིན་མས།

ཁོ་གིས་བཀོད་མི་ནང་ ཁོ་ར་སློབ་གྲྭ་ནང་ལས་འཐོན་དགོ་མི་འདི་ཡང་ ཁོ་ར་ལུ་ནཝ་ཚཝ་འབྱུང་མི་དང་ ཆོས་ལེགས་ཤོམ་སྦེ་ ལྟ་མ་ཚུགས་མི་དང་ ཡང་ཅིན་ ཆོས་རྒྱུགས་ཚུ་ནང་ ལེགས་ཤོམ་སྦེ་འབད་མ་ཚུགས་ནི་འདི་གིས་ ཨིན་ཟེར་བཤད་ཅི།

འདི་ཡང་ ཁོ་ར་ སློབ་རིམ་༦་པའི་ནང་ལུ་སྡོད་པའི་སྐབས་ ཆོས་ལྟ་ནི་དང་ལཱ་འབད་ནི་༢་ཆ་ར་གཅིག་ཁར་སྦེ་ འབད་ནི་གི་རྩིས་རྐྱབ་ཡོདཔ་ཨིན་རུང་ དེ་སྦེ་འབད་ནི་འདི་ ལཱ་ཁག་འདུག་ཟེར་ཨིན་མས།

ངག་དབང་རམ་སྟོད་ལུ་ ལྷོཔོ་མི་སྡེ་འདི་ནང་ལུ་ སྤེན་ཏོ་ཚེ་རིང་ཌོ་ཡ་བཟུམ་སྦེ་ སློབ་གྲྭ་ནང་ལས་ འཐོན་སྡོད་མི་༣༠དེ་ཅིག་ ཡོདཔ་ཨིན་མས།

མི་སྡེ་འདི་གི་དོན་ལུ་ ཐག་ཉེ་ཤོས་ཀྱི་སློབ་གྲྭ་འདི་ རྟ་འབབ་འགྲམ་སྟོད་འབྲིང་རིམ་སློབ་གྲྭ་འོག་མ་ཨིནམ་ད་ ད་རེས་ སློབ་གྲྭ་འདི་ནང་ལུ་ལྷོཔ་གི་སློབ་ཕྲུག་༢༢༢་འདུག

སློབ་གྲྭ་འདི་ཡང་ སྤྱི་ལོ་༢༠༠༦ལུ་རྐྱངམ་ཅིག་ གཞི་བཙུགས་འབད་ནི་འདི་གིས་ སློབ་རིམ་༧པ་དང་༨པའི་སློབ་ཕྲུག་ལ་ལུ་ཅིག་ ལོ་༡༨ལང་སྟེ་ ཡོདཔ་ཨིན་མས།

ཨིན་རུང་ སློབ་གྲྭ་གི་ཁ་ཐུག་ལས་ སློབ་ཕྲུག་ཚུ་འཐོན་འགྱོ་མ་བཅུག་པར་བཞག་ནི་གི་ཐབས་ལུ་ གསོ་བའི་ལས་འབྱེདཔ་དང་ རྒེད་འོག་ དེ་ལས་ ཁྲིམས་སྲུང་དང་སློབ་དཔོན་ཚུ་གིས་ འཕྲལ་འཕྲལ་འབད་ཡི་ར་ ཨམ་ཚུ་ལུ་ ཤེས་ཡོན་ཁག་ཆེ་བའི་སྐོར་ལས་ བཤད་བྱིན་དོ་ཡོདཔ་ཨིན་མས།

རྟ་འབབ་འགྲམ་སྟོད་འབྲིང་རིམ་སློབ་གྲྭ་འོག་མའི་ དབུ་འཛིན་ དབང་ཕྱུག་གིས་སླབ་མི་ནང་ སྤྱི་ལོ་༢༠༡༧་དང་༢༠༡༨་ལས་འགོ་བཙུགས་ཏེ་ སླབ་གྲྭ་འདི་ནང་ལས་ སློབ་ཕྲུག་འཐོན་འགྱོ་མི་ཚུ་ མར་ཕབ་འགྱོ་སྟེ་ཡོདཔ་སྦེ་ཨིནམ་ད་ འདི་ཡང་ ལོ་འདི་གི་ཧེ་མ་འབད་བ་ཅིན་ ཕམ་ཚུ་གིས་ ཤེས་ཡོན་ཁག་ཆེ་མི་གི་སྐོར་ལས་ ཧ་མ་གོ་བར་ཡོད་ནི་འདི་གིས་ ཨིནམ་སྦེ་བཤད་ཅི།

ད་རུང་ སློབ་གྲྭ་འདི་གིས་ ཕམ་ཚུ་ལུ་ ཁོང་རའི་ཨ་ལུ་ཚུ་ ག་དེ་ཅིག་སྦེ་ ཉ་མ་སློབ་གྲྭ་ནང་ལུ་བཏང་ནི་གི་ ཟད་འགྲོ་བཏང་མ་ཚུགས་པ་ཅིན་ ཞག་སློབ་གྲྭ་ནང་རང་སྡོད་མི་སྦེ་བཙུགས་དགོ་པའི་ སེམས་ཤུགས་ཚུ་བྱིན་ཏེ་འདུག