གཟའ་ཟླ་བ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༡༩

ཨ་ལུ་ཟླཝ་མ་ཚངམ་ལས་སྐྱེས་མི་དང་ ཤི་མ་བཅུག་པར་བཞག་ནི་གི་ཐད་ཁར་གདོང་ལེན།

སྤྱི་ཟླ་༡༡ པའི་ཚེས་ ༡༨ ༢༠༡༩

༉ གསོ་བའི་འགོ་དཔོན་ཚུ་ལུ་ ཨ་ལུ་ཟླཝ་མ་ཚངམ་ལས་སྐྱེས་མི་དང་ ཨ་ལུ་ཚུ་ལུ་ཤི་རྐྱེན་འབྱུང་མི་གི་གནད་དོན་འདི་ བཀག་ཆ་འབད་ནི་གི་ཐད་ཁར་ ད་ལྟོའི་བར་ན་ཡང་ གདོང་ལེན་ཅན་ཅིག་སྦེ་རང་ འབྱུང་སྟེ་འདུག

ད་རེས་ རྒྱལ་ཁབ་ནང་ལུ་ ཨ་ལུ་སྐྱེས་ལོ་༥གི་འོག་རྒྱུ་ཤི་རྐྱེན་བྱུང་ས་ལས་ བརྒྱ་ཆ་༥༦འདི་ ཟླཝ་མ་ཚངམ་ལས་སྐྱེས་མི་ ཨ་ལུ་ཚུ་ཨིན་མས།

རྒྱལ་ཁབ་ནང་ལུ་ ཨ་ལུ་སྐྱེས་མ་རནམ་ལས་སྐྱེས་མི་གི་ འཛམ་གླིང་གི་ཉིནམ་བརྩི་སྲུང་འབད་མི་དང་འབྲེལ་ གནད་དོན་འདི་ལུ་ ཐབས་ལམ་ཚུ་བཏོན་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ མོ་ནད་མཁས་མཆོག་ པདྨ་ཆོས་སྒྲོན་གྱིས་བཀོད་མི་ནང་ ཨ་ལུ་ཟླཝ་མ་ཚངམ་ལས་ སྐྱེས་མི་གི་གནོད་འདི་ཡང་ ཧེ་མ་ཡང་ ཨ་ལུ་ཟླཝ་མ་ཚངམ་སྦེ་སྐྱེས་མི་དང་ ཨ་ལུ་ཚུ་གི་བར་ན་ ས་སྟོང་དེ་ཅིག་རང་ མེད་པར་ སྐྱེས་མི་ཚུ་ལུ་ དེ་སྦེ་སྐྱེས་ནི་གི་ཇེན་ཁ་ཡོདཔ་སྦེ་བཤད་ཅི།

 འདི་བཟུམ་སྦེ་ ཁྲག་ཉུང་མི་དང་ ཨ་ལུ་མ་སྐྱེས་བའི་ཧེ་མ་ བདག་འཛིན་ལེགས་ཤོམ་མ་ཐོབ་མི་ དེ་ལས་ ཆང་དང་ཏམ་ཁུ་འཐུང་མི་ཚུ་ལུ་ཡང་ ཨ་ལུ་ཟླཝ་མ་ཚངམ་སྦེ་སྐྱོད་དོ་ཡོདཔ་ཨིན་མས།

སྤྱི་ལོ་༢༠༡༥གི་ རྒྱལ་ཡོངས་ཟས་བཅུད་བརྟག་ཞིབ་དང་འཁྲིལཔ་ད་ལུ་ འབྲུག་ལུ་ བུམོ་ན་ལོན་༣འབད་ས་ལས་ གཅིག་ལུ་ ཁྲག་ཉུང་བའི་ནད་གཞི་ཚུ་ འཐོབ་སྟེ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ཨ་ལུ་རྨས་སྐྱེས་དང་ ཨ་ལུ་ཆུང་ཀུ་ཚུ་ལུ་ བཞེས་སྒོ་བཅུད་ཅན་ཚུ་འབྱིན་ནི་འདི་ཡང་ ད་ལྟོའི་བར་ན་ཡང་ སྐྱོ་དྲགས་ཅིག་སྦེ་རང་ ཡོདཔ་སྦེ་ཨིན་མས།

འདི་ཡང་ ཨ་ལུ་༡༠གི་གྲལ་ལས་ ཕུད་རྡོག་གཅིག་ལུ་རྐྱངམ་གཅིག་ ཉིནམ་ཨ་རྟག་རང་ བཅུད་དང་ལྡན་པའི་ཟས་ཚུ་ ལངམ་སྦེ་རང་ཐོབ་དོ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ ད་རེས་ འོས་འབབ་ཀྱི་ཐབས་ལམ་ཚུ་ཡང་ ཀེང་ག་རུ་ཨའི་གི་གཅེས་སྐྱོང་ཟེར་ ཨ་ལུ་དང་ཨའི་༢ཀྱི་བར་ནང་ རྒྱུན་མ་ཆད་པ་ར་ འབྲེལ་བ་བཞག་ནི་དང་ ཨ་ལུ་ལུ་ཨོམ་བྱིན་ནི་ དེ་ལས་ ཟླཝ་༦་གི་ཤུལ་ལས་ བཞེ་སྒོ་གི་རིག་ཚུ་ཡང་འབྱིན་མི་ཚུ་ཨིན་མས།

ཉིནམ་འདི་ཁ་ལུ་འཛོམས་མི་ ཨ་ལུ་ཟླཝ་མ་ཚངམ་ལས་སྐྱེས་མི་ ཕམ་དག་པ་ཅིག་གིས་ཡང་ འདི་བཟུམ་གྱི་ཨ་ལུ་སྐྱེས་ད་པ་ཅིན་ ཐབས་ལམ་ཚུ་ ག་དེ་སྦེ་བཏོནམ་དྲག་པས་ག་ཚུ་གི་སྐོར་ལས་ ཁོང་རའི་ཉམས་མྱོང་ཚུ་བཤད་དེ་ཡོདཔ་ཨིན།

ཉིནམ་འདི་ཁ་ལུ་ འཛམ་གླིང་སྤྱི་ཚོགས་ཨ་ལུའི་མ་དངུལ་གྱིས་ འཛམ་གླིང་ནང་གི་ ཨ་ལུ་ཚུ་གི་ཟ་འཐུང་དང་ཟད་བཅུད་ཀྱི་སྙན་ཞུ་ཅིག་ཡང་ གསར་བཏོན་འབད་ཡི།

སྙན་ཞུ་འདི་དང་འཁྲིལ་བ་ཅིན་ ཨ་ལུ་ལེ་ཤ་ཅིག་ལུ་རང་ ཟས་བཅུད་ ལེགས་ཤོམ་སྦེ་མ་ཐོབ་པའི་དཀའ་ངལ་ཚུ་འབྱུང་སྟེ་ཡོདཔ་སྦེ་ཨིན་མས།