གཟའ་པ་སངས། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༢

ཡོངས་འབྲེལ་གྱི་ ཞབས་ཏོག་སྣ་ཚོགས་གཡོག་བཀོལ་ནི་འདི་གིས་ རྒྱང་མཐོང་གི་རྒྱུན་ལམ་ཚུ་ ཡར་དྲག་བཏང་ཚུགས་པའི་ཁེ་ཕན།

སྤྱི་ཟླ་༡༡ པའི་ཚེས་ ༡༢ ༢༠༡༩

༉ རྒྱལ་ཁབ་ནང་ལུ་ ཡོངས་འབྲེལ་གྱི་ཐོག་ལས་ ཞབས་ཏོག་སྣ་ཚོགས་ལག་ལེན་འཐབ་མི་ བྷུ་ཊན་མེཊ་ཀཱོམ་ཟེར་མི་འདི་ ད་རིས་ ཐིམ་ཕུག་ལུ་སྦེ་ གཞི་བཙུགས་འབད་ཡི།

འདི་དང་གཅིག་ཁར་ ད་ལས་ཕར་ རྒྱང་མཐོང་རྒྱུན་ལམ་གྱི་དོན་ལུ་ ནང་འཁོད་ཀྱི་ གློག་ཐག་བཀྲམ་སྤེལ་བ་ཚུ་གིས་ རྒྱུན་ལམ་ཚུ་ ཕྱིའི་རྒྱལ་ཁབ་ཚུ་གི་ རྒྱུན་ལམ་ཚུ་ལུ་རེག་མ་དགོ་པར་ ཕྲངམ་ཕྲང་ས་རང་ བཀྲམ་སྤེལ་འབད་ཚུགས་ནི་ཨིན་མས།

རྒྱང་མཐོང་རྒྱུན་ལམ་གྱི་དོན་ལུ་ གློག་ཐག་བཀྲམ་སྤེལ་གྱི་ཞབས་ཏོག་ཚུ་ ཞབས་ཏོག་སྣ་ཚོགས་ལྟེ་བའི་འོག་ལུ་བཙུགས་མི་འདི་གིས་ ད་ལས་ཕར་ རྒྱུན་ལམ་དང་ ས་གནས་ཁག་གི་བར་ན་ ཁྱད་པར་ག་ནི་ཡང་མེད་པར་ རྒྱུན་ལམ་ཚུ་ འགྲན་འདྲ་སྦེ་རང་ བཀྲམ་སྤེལ་འབད་ཚུགས་པའི་ རེ་བ་སྐྱེདཔ་ཨིན་མས།

འདི་མ་ཚད་ མཐུན་རྐྱེན་འདི་གིས་ རྒྱལ་ཁབ་ནང་ལུ་ རྒྱང་མཐོང་གི་རྒྱུན་ལམ་ཚུ་ ཡོངས་འབྲེལ་གྱི་ཐོག་ལུ་ འགྱུར་བཅོས་འབད་ནི་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིན་མས།

བྷུ་ཊན་མེཊ་ཀཱོམ་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཁམས་པ་དང་འཁྲིལ་པ་ཅིན་ ད་ལྟོ་ཚུན་ཚོད་ ད་རེས་ཡོད་པའི་ རྒྱང་མཐོང་རྒྱུན་ལམ་གྱི་དོན་ལུ་ ནང་འཁོད་ཀྱི་ གློག་ཐག་བཀྲམ་སྤེལ་བ་ཚུ་གིས་ རྒྱུན་ལམ་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་གི་ བཀྲམ་སྤེལ་བ་ཚུ་དང་གཅིག་ཁར་ བློ་སླབ་དགོཔ་ལས་ རྒྱལ་ཁབ་ནང་ལུ་ རྒྱུན་ལམ་ཅོག་རང་ཐདཔ་སྦེ་ བཀྲམ་སྤེལ་འབད་མ་ཚུགས་པར་ཡོད་པའི་ཁར་ དངུལ་ཕྱི་ཁར་འགྱོ་དོ་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ རྒྱུན་ལམ་གྱི་སྤུས་ཚད་ཡང་ ལེགས་ཤོམ་མེདཔ་མ་ཚད་ འདྲན་འདྲ་སྦེ་ཐོབ་ཚུགས་ནི་ནང་ སྟབས་མ་བདེཝ་འཐོན་དོ་ཡོད་མི་འདི་ ད་ལས་ཕར་ ལྟེ་བ་འདི་ལས་བརྟེན་ཏེ་ གནད་དོན་འདི་ཚུ་ སེལ་ཚུགས་པའི་རེ་བ་ཡོདཔ་སྦེ་ཨིན་མས།

རྒྱང་མཐོང་སྣ་ཚོགས་ལྟེ་བ་འདི་ཡང་ འབྲུག་པའི་རྒྱང་མཐོང་གློག་ཐག་གི་ རྒྱུན་ལམ་བཀྲམ་སྤེལ་ཚོགས་པའི་ འཐུས་མི་ཚུ་གིས་བཟོ་ཡོདཔ་ཨིན་མས།

ད་རེས་བཟུམ་ཅིག་འབད་བ་ཅིན་ རྒྱང་མཐོང་གི་རྒྱུན་ལམ་བཀྲམ་སྤེལ་བ་ ཆོག་ཐམ་འཆང་མི་༩༢་ཡོདཔ་ཨིན་མས།