གཟའ་ལྷག་པ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༤

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་འབྲེལ་ མི་དབང་རྒྱལ་ཚབ་མཆོག་གིས་ བཟོ་གྲྭ་འཕྲུལ་ཁང་འགོ་འབྱེད།

སྤྱི་ཟླ་༡༡ པའི་ཚེས་ ༡༢ ༢༠༡༩

༉ ད་རིས་ འབྲུག་གི་རྒྱལ་རབས་༤་པ་ དཔལ་མི་དབང་ འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་འབྲེལ་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ མོང་སྒར་ གླིང་མའི་ཐང་ལུ་ཡོད་པའི་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་ནང་ལུ་ བཟོ་གྲྭ་འཕྲུལ་ཁང་གསརཔ་ཅིག་ འགོ་འབྱེད་མཛད་གནང་ཡི།

 འདི་བསྒང་ མི་དབང་རྒྱལ་ཚབ་མཆོག་གི་ཕྱག་ཞུ་སྟེ་ ཨ་ཞེས་ ཡིད་མཚོ་ལྷ་མོ་བྱོན་གནང་ནུག

བཟོ་གྲྭ་འཕྲུལ་ཁང་འདི་གིས་ ད་ལས་ཕར་ ཤར་ཕྱོགས་རྫོང་ཁག་༦་གི་ མི་སེར་སོ་ནམ་པ་ཚུ་གི་ ཤིང་འབྲས་དང་ ཚོད་བསྲེ་གི་ཐོན་སྐྱེད་ཚུ་ ནམ་རང་འབད་རུང་ ཉོ་ཆོགཔ་སྦེ་འབད་ནི་དོན་ལས་ ལཱ་གཡོག་གི་ས་སྟོང་༧༠་ལྷགཔ་ཅིག་ཡང་ བཏོན་ནི་སྦེ་འདུག

འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་གི་ བཀོད་ཚོགས་ཀྱི་ཁྲི་འཛིན་ ཀརྨ་ཡོན་ཏན་གྱིས་བཀོད་མི་ནང་ འཕྲུལ་ཁང་འདི་གིས་ སྤུས་ཚད་ཅན་གྱི་ ཟ་ཆས་ཀྱི་ཐོན་སྐྱེད་ཚུ་ བཏོན་ཚུགས་ནི་ཨིནམ་ལས་ ཤར་ཕྱོགས་རྫོང་ཁག་༦་གི་ མི་སེར་ཚུ་གི་དོན་ལས་ དཔལ་འབྱོར་གྱི་ལས་དོན་ཚུ་ ཡར་དྲག་བཏང་ནི་ནང་ ལྷན་ཐབས་འབད་འོང་ཟེར་བཤད་ཅི།

འཕྲུལ་ཁང་འདི་གི་འཕྲུལ་ཆས་ཚུ་ ཆ་མཉམ་ར་གཡོག་བཀོལ་པ་ཅིན་  ཐོན་སྐྱེད་ཊཱན་༡༣༠༠་ལྷགཔ་ཅིག་ བཟོ་སྦྱོར་འབད་ཚུགས་ནི་ཨིནམ་ད་ འདི་ཡང་ དངུལ་ལུ་རྩིས་ཕབ་བ་ཅིན་ དངུལ་ཀྲམ་ས་ཡ་༥༥་ལྷགཔ་ཅིག་གི་རྩིས་ཨིན་མས།

འཕྲུལ་ཁང་འདི་གིས་ ཤིང་འབྲས་ལས་བརྟེན་པའི་ མངར་ཆུ་དང་ བསྐྱུར་རྫས་ དེ་ལས་ ཆུ་དང་ཤིང་འབྲས་ཀྱི་ཁུ་བ་ཚུ་ བཟོ་སྦྱོར་འབད་ནི་ཨིན་མས།

ཟད་འགྲོ་དངུལ་ཀྲམ་ས་ཡ་༢༡༤་གནས་པའི་ བཟོ་སྦྱོར་འཕྲུལ་ཁང་རྐྱབ་ནི་གི་ལས་འགུལ་འདི་ཡང་ སྤྱི་ལོ་༢༠༡༧་རྐྱབ་ནི་འགོ་བཙུགས་པའི་ཤུལ་ལུ་ འདས་པའི་ཟླཝ་ནང་ལུ་ སྒྲུབ་ཡོདཔ་ཨིན་མས།