གཟའ་པ་སངས། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༡

མི་དབང་རྒྱལ་ཡུམ་མཆོག་གིས་ འབྲུག་གི་བསླབ་སྟོན་ཞལ་འཛོམས་ཚོགས་ས་ལུ་དབུ་བཞུགས།

སྤྱི་ཟླ་༡༠ པའི་ཚེས་ ༣༡ ༢༠༡༩

༉ རྒྱལ་ཁབ་ནང་ལུ་ ཨ་ལུའི་ཉེན་སྲུང་དང་ ནང་འཁོད་རྩུབ་སྤྱོད་མངོན་འགོག་ དེ་ལས་ མི་སྡེ་ནང་ལུ་ ཞི་བདེ་ཡར་དྲག་བཏང་ནི་གི་དོན་ལས་ ལོ་༢་ནང་ཚར་རེ་འགོ་འདྲེན་འཐབ་མི་ འབྲུག་གི་བསླབ་སྟོན་ཞལ་འཛོམས་ ཐེངས་༥་པའི་ནང་ལུ་ རྒྱལ་ཁབ་ནང་འཁོད་ལས་ བསླབ་སྟོན་པ་༢༠༠་ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་པའི་བསྒང་ར་འདུག

ཐིམ་ཕུག་ལུ་སྦེ་ ད་རིས་ལས་ འགོ་བཙུགས་ཡོད་པའི་ བསླབ་སྟོན་གྱི་ཞལ་འཛོམས་ཚོགས་ས་ལུ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དབུ་བཞུགས་མཛད་གནང་ཡི།

འདི་བསྒང་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འཇོན་ཐངས་ཅན་གྱི་ བསླབ་སྟོན་ཚུ་དགོཔ་ ཁག་ཆེ་བའི་སྐོར་དང་ ད་རེས་ནངས་པ་ མི་སྡེའི་ལས་ཚན་ག་རའི་ནང་ལུ་ བསླབ་སྟོན་འདི་ མེད་ཐབས་མེད་པའི་ཁྱད་རིག་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་གསུང་གནང་ཡི།

འདི་བཟུམ་སྦེ་ མི་དབང་རྒྱལ་ཡུམ་མཆོག་གིས་གསུང་མི་ནང་ དེང་སང་གི་དུས་རབས་ནང་ལུ་ མི་སྡེ་ནང་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ ནང་སེམས་ཀྱི་རྩུབ་སྤྱོད་དང་ ཕོ་མོ་དབྱེ་བ་ལས་བརྟེན་པའི་གནད་དོན་ དེ་ལས་ སེམས་ཁམས་ཀྱི་ནད་གཞི་དང་ ན་གཞོན་ཚུ་གིས་ སྨྱོ་རྫས་སྤྱོད་ནི་ འདི་བཟུམ་སྦེ་ རང་སྲོག་རང་གིས་བཅད་མི་གི་གནད་དོན་ཚུ་ ཁྱབ་ཆེ་བའི་གདོང་ལེན་ཅིག་སྦེ་ འཐོན་ཏེ་ཡོད་ཟེར་ གསུང་གནང་ནུག

འདི་འབདཝ་ལས་ ཆོས་དང་ལམ་སྲོལ་ དེ་ལས་ མི་སྡེའི་ལས་ཚན་ག་རའི་ནང་ལུ་ བསླབ་སྟོན་གྱི་ཁྱད་རིག་བྱིན་ནི་འདི་ ཁག་ཆེ་ཤོས་ཅིག་ཨིན་ཟེར་ གསུང་གནང་ཡི།

ཉིནམ་༣་གྱི་ བསླབ་སྟོན་ལས་རིམ་གྱི་སྐབས་ལུ་ བཅའ་མར་གཏོགས་མི་ཚུ་གིས་ རྒྱལ་སྤྱིའི་བསླབ་སྟོན་གྱི་གནས་ཚད་དང་ བསླབ་སྟོན་གྱི་ཁྱད་རིག་ཚུ་ ལག་ལེན་འཐབ་སྟེ་ བསླབ་སྟོན་གྱི་གསར་བཏོད་གོང་འཕེལ་བཏང་ནི་ དེ་ལས་ སྨྱོ་རྫས་སྤྱོད་མི་གི་གནད་དོན་མངོན་འགོག་དང་ ཨ་ལུའི་ཉེན་སྲུང་ཚུ་གི་སྐོར་ལས་ ལྷབ་ཚུགས་ནི་ཨིན་མས།

འདི་བཟུམ་སྦེ་ གྲངས་སུ་གཏོགས་མི་ཚུ་ལུ་ ཨ་ལུའི་ཉེན་སྲུང་དང་ ནང་འཁོད་རྩུབ་སྤྱོད་མངོན་འགོག་གི་ བཅའ་ཁྲིམས་དང་སྲིད་བྱུས་ཚུ་གི་སྐོར་ལས་ཡང་ བཤད་བྱིན་ནི་ཨིན་མས།

ད་རུང་ ཞལ་འཛོམས་འགོ་བཙུགས་མི་དང་འབྲེལ་ ཁྱད་ཚད་དང་ཤེས་ཚད་ལྡན་མི་ བསླབ་སྟོན་པ་༡༡༠་ལུ་ཡང་ འབྲུག་རྒྱལ་ཡོངས་ཀྱི་ ངོ་སྦྱོར་ཅན་གྱི་བསླབ་སྟོན་པ་ཅིག་སྦེ་ ངོ་སྦྱོར་འབད་ནུག

ཞལ་འཛོམས་འདི་དང་གཅིག་ཁར་ མི་དབང་རྒྱལ་ཡུམ་མཆོག་གིས་ འབྲུག་པའི་ཨམ་སྲུ་ཚུ་གི་ འཚོ་བའི་དོན་ལུ་ ཚོང་ལཱ་ཆུང་བའི་འགྲེམ་སྟོན་དང་ མཐའ་འཁོར་གྱི་དོན་ལུ་ ཐག་རིག་བསྐྱར་གསོའི་འགྲེམ་སྟོན་ཡང་ འགོ་འབྱེད་མཛད་གནང་ཡི།

ཚོང་ལཱ་འདི་ཡང་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་དང་ ལྷོ་ཨེ་ཤི་ཡན་མཐའ་འཁོར་གྲོས་གནས་ཀྱི་ མཉམ་འབྲེལ་ལས་འགུལ་ཅིག་ཨིན་མས།