གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

བསམ་གྲུབ་ལྗོང་ ནག་ཟོར་འུ་གླིང་སྤྱི་འོག་ནང་ལུ་ ཐགས་འཐག་ནི་གི་སྲོལ་མ་ཉམས་པར་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༧ ༢༠༡༩

༉ བསམ་གྲུབ་ལྗོངས་མཁར་ ཨོ་རོང་རྒེད་འོག་གི་ གནག་ཟོར་འུ་གླིང་སྤྱི་འོག་ནང་ལུ་ ཐགས་འཐག་ནི་གི་སྲོལ་འདི་ ད་རེས་ནངས་པ་ཡང་ མ་ཉམས་པ་རང་འདུག

སྤྱི་འོག་འདི་ནང་ལུ་ དེ་བསྒང་ ཐགས་འདི་ ཚོང་འབྲེལ་གྱི་དོན་ལུ་འཐག་སྲོལ་མེད་རུང་ ད་རེས་ དུས་ཀྱི་བསྒྱུར་བ་དང་བསྟུན་ འོང་འབབ་གི་དོན་ལུ་ ད་རེས་ནངས་པ་ སྐད་རགས་དང་རག་ཅུང་ དེ་ལས་ ཅོག་ཙེ་གི་ཁེབ་ཚུ་ འཐག་ནི་འགོ་བཙུགས་ཏེ་འདུག

ཐགས་འཐག་མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ ལཱ་གཞན་ཡང་འབད་དགོ་ནི་འདི་གིས་ ཨ་རྟག་རང་ ཐགས་འཐག་མི་ཚུགས་པའི་ གདོང་ལེན་འབྱུང་དོ་ཡོད་རུང་ ཟླཝ་རེ་ནང་ བགོ་ལ་༣ལས་༤དེ་རེ་ འཐག་ཚུགས་ནི་འདི་གིས་ འོང་འབབ་དངུལ་ཀྲམ་སྟོང་ཕྲག་༥༠དང་༦༠དེ་རེ་ བཟོ་ཚུགས་དོ་ཡོདཔ་སྦེ་བཤད་ཅི།

ཨོ་རོང་རྒེད་འོག་ནང་ལུ་ ཐགས་འཐག་ནི་འདི་ ཁེ་བསང་ཆེ་བའི་ལཱ་ཅིག་འབདཝ་ལས་ སྤྱི་ལོ་༢༠༡༢ལུ་ རྒེད་འོག་བདག་སྐྱོང་གི་རྒྱབ་སྐྱོར་འབད་དེ་ ཐགས་འཐག་མི་གི་སྡེ་ཚན་གཅིག་ཡང་ གཞི་བཙུགས་འབད་དེ་འདུག

སྡེ་ཚན་འདི་གི་འཐུས་མི་ཚུ་གིས་ ཕྲལ་ཁམས་ཅིག་ཁར་ ཚོགས་པ་གཞི་བཙུགས་འབད་དེ་ ལོ་༧ལྷགཔ་ཅིག་གི་རྒྱབ་ལས་ ཁེབ་ས་དངུལ་ཀྲམ་འབུམ་ཕྱད་ད་༤དེ་ཅིག་གི་རྩིས བགོ་བཤའ་རྐྱབ་ནུག

འདི་ཡང་ འཐུས་མི་ཚུ་གིས་བཀོད་མི་ནང་ ཁོང་རའི་ཐགས་ཆས་ཚུ་ སྡེ་ཚན་འདི་གིས་ བཙོང་བྱིན་མི་དང་ བགོ་ལཱ་ཉོ་མི་ཚུ་ གཡུས་ཁ་ལུ་ར་ རྐང་བཙུགས་འབད་འོང་དོ་ཡོདཔ་ལས་ ཚོང་འབྲེལ་འཐབ་ནི་ནང་ ལཱ་ཁག་མི་བཏང་དོ་ཡོདཔ་སྦེ་བཤད་ཅི།

འདི་འབདཝ་ལས་ ཐགས་འཐག་ནི་འདི་ འོང་འབབ་གི་གོ་སྐབས་ལེགས་ཤོམ་ཡོདཔ་ལས་ ཐགས་འདི་ འཕྲོ་མཐུད་དེ་རང་ འཐག་ནི་གི་རེ་བ་ཡོདཔ་སྦེ་བཤད་ཅི།

གནག་ཟོར་འུ་གླིང་སྤྱི་འོག་འདི་ནང་ལུ་ ཁྱིམ་གུང་པ་༩༧ཡོདཔ་ད་ སྤྱི་འོག་འདི་ཡང་ བསམ་གྲུབ་ལྗོངས་ཁྲོམ་ཁ་ལས་ ཀི་ལོ་མི་ཀྲར་༦༨དེ་ཅིག་གི་ ས་ཁར་ཆགས་ཏེ་འདུག