གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

ཕྱི་རྒྱལ་ཁབ་ཚུ་ནང་ ཤེས་ཡོན་སྦྱང་པར་འགྱོ་མི་ཚུ་གིས་ གསེར་གི་རྟགས་མ་ཐོབ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣ ༢༠༡༩

༉ ཕྱི་རྒྱལ་ཁབ་ཚུ་ནང་ལས་ཕར་ སློབ་གཉེར་གྲོགས་རམ་ཐོག་ མཐོ་རིམ་ཤེས་ཡོན་སྦྱང་པར་འགྱོ་མི་ འབྲུག་པའི་སློབ་ཕྲུག་༦གིས་ ཤེས་རིག་ནང་ལུ་ ལེགས་ཤོམ་འབད་ཚུགས་ཏེ་སྦེ་ ད་རེས་ གསེར་གྱི་རྟགས་མ་སྦྲག་སྟེ་ རྒྱལ་ཁབ་ནང་ལུ་ ལོག་ལྷོད་དེ་འདུག

འདི་འབདཝ་ལས་ ཁོང་སློབ་ཕྲུག་ཚུ་ལུ་ ཁ་ཙ་ ན་ལོན་དང་ཆ་རིམ་ཤེས་ཡོན་ལས་ཁུངས་ཀྱིས་ བཀྲིས་བདེ་ལེགས་དང་བཅསཔ་སྦེ་ ངོ་སྦྱོར་འབད་དེ་ཡོདཔ་ཨིན།

གསེར་གྱི་རྟགས་མ་ཐོབ་མི་ཚུ་གིས་གྲལ་ལས་ ཅིག་འདི་ འཇམ་དབྱངས་ཆོས་འཕེལ་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༧ལུ་ རྒྱ་གར་ལུ་ཡོད་པའི་ ཨའི་ཨེམ་ཨེསི་ ཡུ་ནི་སཱཎ་ཟེར་མི་གཙུག་ལག་སློབ་སྡེ་ནང་ལས་ ཁོ་རའི་ཆོས་ཚན་ནང་ལུ་ སྐུགས་ཚད་མཐོ་ཤོས་ཐོབ་མི་ལས་བརྟེན་ཏེ་ གསེར་གྱི་རྟགས་མ་ཐོབ་སྟེ་སྦེ་འདུག

ཁོ་གིས་ བརྡ་བརྒྱུད་ཤེས་ཡོན་ནང་ལུ་ མཐོ་རིམ་ཤེས་ཡོན་སྦྱང་ཡོདཔ་ལས་ ད་རེས་ ཕྱི་འབྲེལ་ལྷན་ཁག་ནང་ལུ་ ཕྱག་ཞུ་བའི་བསྒང་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཟླ་བ་དབང་ཕྱུག་རྒྱལ་པོ་གིས་ ཡུ་ཨེས་ལུ་ཡོད་པའི་ ཊེག་སེས་གཙུག་ལག་སློབ་སྡེ་ནང་ལས་ ཨང་རྩིས་རིག་པ་ནང་ལུ་ མཐོ་རིམ་ཤེས་ཡོན་སྦྱང་ནུག

ཁོ་ལུ་ ཨང་རྩིས་རིག་པའི་ཤེས་ཡོན་དང་ ཞིབ་འཚོལ་གྱི་ནང་ལུ་ ཁྱད་འཕགས་ཅན་ཅིག་སྦེ་ འབད་ཚུགས་པའི་ངོས་འཛིན་ལུ་ གསེར་གྱི་རྟགས་མ་འདི་ བྱིན་ཏེ་འདུག

ཁོ་གིས་ དུས་ཅི་སྤྱི་ཟླ་༧་པའི་ནང་ལུ་ ཤེས་ཡོན་སྦྱང་ཚར་ཞིན་ན་ རྒྱལ་ཁབ་ནང་ལུ་ལོག་ལྷོད་དེ་ཡོདཔ་ད་ ཟླ་བ་དབང་ཕྱུག་རྒྱལ་པོ་གིས་ ལེགས་སྦྱར་བ་ཅིག་སྦེ་ ཕྱག་ཞུ་ནི་ཨིན་མས།

དོན་གྲུབ་ཚེ་རིང་འདི་ སྤྱི་ལོ་༢༠༡༥ལུ་ རྒྱ་གར་ལུ་ཡོད་པའི་ ཨ་ཅཱ་ར་ཡཱ་སྤེལ་ཁང་ནང་ལུ་ སེམས་ཁམས་རིག་པ་དང་ཨིང་སྐད་ དེ་ལས་ བརྡ་བརྒྱུད་ཀྱི་ནང་ལུ་ མཐོ་རིམ་ཤེས་ཡོན་སྦྱང་པར་འགྱོ་ནུག

ཁོ་གིས་ སྤེལ་ཁང་འདི་ནང་ལས་ ཤེས་ཡོན་ནང་ལུ་ཁྱད་དུ་འཕགས་པའི་ སློབ་ཕྲུག་དྲག་ཤོས་ཅིག་གི་ ངོས་འཛིན་ཐོབ་སྟེ་ཡོདཔ་ད་ ཁོ་ར་ད་རེས་ ཞི་གཡོག་ཆོས་རྒྱུགས་ཀྱི་དོན་ལུ་ སྒུག་སྟེ་ཡོདཔ་ཨིན་མས།

དེ་ལས་ ཨྱོན་དབང་མོ་གིས་ སྤྱི་ལོ་༢༠༡༤ལུ་ རྒྱ་གར་ལུ་ཡོད་པའི་ སཱེམ་གཙུག་ལག་སློབ་སྡེ་ནང་ལུ་ ལྡུམ་ར་རིག་པའི་ཤེས་ཡོན་ སྦྱང་པར་འགྱོ་ནུག

གཙུག་ལག་སློབ་སྡེ་འདི་གིས་ མོ་ལུ་ གསེར་གྱི་རྟགས་མ་བྱིན་ཡོདཔ་ད་ ད་རེས་ མོ་ར་ ཐིམ་ཕུག་ འོད་གསལ་སྤང་ལུ་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་ནང་ལུ་ ཕྱག་ཞུ་བའི་བསྒང་འདུག

འདི་བཟུམ་སྦེ་ སྤེནམ་བཟངམོ་འདི་ ད་རེས་ རྒྱལ་ཡོངས་སྐྱེས་ལྡན་རིགས་སྣ་ལྟེ་བ་ནང་ལུ་ ཕྱག་ཞུ་བའི་བསྒང་ཡོདཔ་ད་ མོ་གིས་ཡང་ སྤྱི་ལོ་༢༠༡༤ལུ་ སཱེམ་གཙུག་ལག་སློབ་སྡེ་ནང་ལུ་ ནགས་ཚལ་གྱི་ཆོས་ཚན་ལེན་ཏེ་ མཐོ་རིམ་ཤེས་ཡོན་སྦྱང་ནུག

ཨཱཤིཤ་ཀཊ་ཝལ་གྱིས་ཡང་ རྒྱ་གར་གྱི་གཙུག་ལག་སློབ་སྡེ་འདི་ནང་ལས་རང་ གསེར་གྱི་རྟགས་མ་ཐོབ་སྟེ་ཡོདཔ་ད་ ཁོ་ར་ ད་རེས་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ནང་ལུ་ ཕྱག་ཞུ་བའི་བསྒང་འདུག

ཁོ་གིས་ གཙུག་ལག་སློབ་སྡེ་འདི་ནང་ལུ་ མཐའ་འཁོར་བཟོ་རིག་གི་ནང་ལུ་ མཐོ་རིམ་ཤེས་ཡོན་སྦྱང་ཡོདཔ་ཨིན་མས།