གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

རྒྱལ་ཡོངས་ཀྱི་གནས་ཚད་ཁར་ མི་སྡེའི་ལྷབ་སྦྱང་ལྟེ་བའི་འགྲེམ་སྟོན།

སྤྱི་ཟླ་༩ པའི་ཚེས་ ༩ ༢༠༡༩

༉ ཐིམ་ཕུག་ལུ་སྦེ་ ད་རེས་འགོ་དང་པ་ ཉིནམ་༢་ཀྱི་རིང་ལུ་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ མི་སྡེའི་ལྷབ་སྦྱང་ལྟེ་བའི་འགྲེམ་སྟོན་འདི་ ད་རིས་ལས་ འགོ་བཙུགས་ཏེ་ཡོདཔ་ཨིན།

ལས་རིམ་འདི་ཡང་ རྒྱལ་སྤྱིའི་བྲི་ལྷག་ཤེས་ཡོན་གྱི་ཉིནམ་ བརྩི་སྲུང་འབད་ནི་གི་དོན་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

འགྲེམ་སྟོན་དེ་ལས་བརྟེན་ཏེ་ གཞི་རྟེན་ཤེས་ཡོན་ མཐར་འཁྱོལ་མི་ཚུ་གི་དོན་ལུ་ འཚེམ་བཟོ་དང་ ཤིང་བཟོའི་ཐོན་སྐྱེད་ དེ་ལས་ ལགཔ་གིས་འཐག་མི་ཐོན་སྐྱེད་ཚུ་དང་ འཚེམས་འདྲུབ་འཐུ་སྟེ་ཡོད་པའི་ ཐོན་སྐྱེད་ཚུ་རྩིས་ཏེ་ ཐོན་སྐྱེད་ཀྱི་དབྱེ་ཁག་མ་འདྲཝ་༡༠་ གསལ་སྟོན་འབད་ནི་གི་ གོ་སྐབས་ཚུ་བྱིན་ཏེ༌སྦེ༌འདུག

རྒྱལ་ཁབ་ནང་ལུ་ མི་སྡེའི་ལྷབ་སྦྱང་གི་ལྟེ་བ་འདི་ཡང་ གཞི་རྟེན་ཤེས་ཡོན་མཐར་འཁྱོལ་མི་ཚུ་གི་དོན་ལུ་ འཚེམ་རྐྱབ་ནི་དང་ ཤིང་བཟོའི་ཐོན་སྐྱེད་ དེ་ལས་ ཐག་རས་དང་ འཚེམས་འདྲུབ་འཐུ་ནི་གི་ རིག་རྩལ་ཚུ་བྱིན་ཐབས་ལུ་དམིགས་ཏེ་ འགོ་དབཙུགས་ནུག

འདི་བཟུམ་སྦེ་ ལྟེ་བ་འདི་གིས་ སློབ་གྲྭ་ནང་ལས་འཐོན་སྡོད་མི་དང་ ཨ་ཎེམ་ དེ་ལས་ དགེ་སློང་དང་ གཞན་མི་ བྲི་ལྷག་ཤེས་ཡོན་ཡོད་མི་ཚུ་ལུ་ཡང་ འདི་བཟུམ་མའི་ ལག་བཤད་སྦྱོང་བརྡར་གྱི་རིག་རྩལ་ཚུ་ བྱིན་དོ་ཡོདཔ་ཨིན་མས།

ཤེས་རིག་བློན་པོ་ ཇའི་བིར་རའི་གིས་གསུང་མི་ནང་ བྲི་ལྷག་ཤེས་ཡོན་འདི་ ཁག་ཆེ་ཤོས་ཅིག་སྦེ་ རྩིས་ནི་འདི་གིས་ འབྲུག་རྒྱལ་ཁབ་ཀྱིས་ཡང་ རྒྱལ་སྤྱིའི་བྲི་ལྷག་ཤེས་ཡོན་གྱི་ཉིནམ་ བརྩི་སྲུང་འབད་དོ་ཡོདཔ་ད་ ལས་རིམ་འདི་ཡང་ མི་ཚེ་ཅིག་ནང་ཕན་པའི་ ཤེས་ཡོན་ཅིག་ཨིན་ཟེར་གསུང་ཡི།

མི་སྡེའི་ལྷབ་སྦྱང་གི་ལྟེ་བ་འདི་གིས་ ལག་བཤད་རིག་རྩལ་ཚུ་གི་མ་དོ་བར་ མི་སྡེ་མཉམ་འབྲེལ་འབད་དེ་ ནང་འཁོད་ཀྱི་ལྕོགས་གྲུབ་དང་ ལམ་སྲོལ་ དེ་ལས་ མི་སྡའི་བརྩི་མཐོང་ཚུ་ ཡར་དྲག་བཏང་ནི་གི་ དམིགས་གཏད་སྐྱེད་དོ་ཡོདཔ་ཨིན་མས།

ལྟེ་བ་དེ་ལས་བརྟེན་ཏེ་ ད་ལྟོ་ཚུན་ཚོད་ ལྷབ་སྦྱང་འབད་མི་ཚུ་ལུ་ རང་སོའི་འཚེམ་ཁང་དང་ གཞན་མི་ ཚོང་ལཱ་ཚུ་འགོ་བཙུགས་ཏེ་ཡོདཔ་མ་ཚད་ རང་ལུ་ལཱ་གཡོག་གི་གོ་སྐབས་བཟོ་སྟེ་ མི་ཚེ་ནང་ལུ་ དགའ་ཏོག་ཏོ་སྦེ་ འཚོ་བ་སྐྱོང་ཚུགས་པའི་ ཕན་ཐོགས་འབྱུང་སྟེ་སྦེ་འདུག

ད་རེས་ མི་སྡེའི་ཤེས་ཡོན་ལྷབ་སྦྱང་འབད་མི་༢༧༠་ལྷགཔ་ཅིག་ཡོད་ས་ལས་ མང་ཤོས་ཅིག་རང་ ཨམ་སྲུ་ཚུ་ཨིན་མས།