གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

འབྲུག་གོང་འཕེལ་དངུལ་ཁང་གིས་ རྫོང་ཁག་༧་གྱི་ནང་ལུ་ སྐྱིན་འགྲུལ་བྱིན་ལས་བཀག་ཆ།

སྤྱི་ཟླ་༩ པའི་ཚེས་ ༩ ༢༠༡༩

༉ འབྲུག་གོང་འཕེལ་དངུལ་ཁང་གིས་ ཀྲོང་གསར་དང་བུམ་ཐང་ དེ་ལས་ ཐིམ་ཕུག་དང་སྤུ་ན་ཁ་ འདི་བཟུམ་སྦེ་ སྤ་རོ་རྫོང་ཁག་དང་ དེ་ལས་ དགེ་ལེགས་ཕུག་ཁྲོམ་དང་ མོང་སྒར་ཁྲོམ་ཚུ་གི་ནང་ལས་ཕར་ བསྐྱིན་འགྲུལ་བྱིན་ནི་ལས་ བཀག་ཆ་འབད་དེ་ཡོད་མི་འདི་ ད་ལས་ཕར་ཡང་ མ་བྱིན་པར་རང་བཞག་ནི་སྦེ་ གྲོས་ཐག་བཅད་ནུག

འདི་ཡང་ ས་གནས་འདི་ཚུའི་ནང་ལས་ཕར་ སྐྱིན་འགྲུལ་མ་བཏབ་པར་ཡོད་མི་གི་གྱངས་ཁ་ མཐོ་ཤོས་ཅིག་སྦེ་ ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ཨིན་རུང་ འབྲུག་ཚོང་དང་བཟོ་གྲྭའི་ཚོགས་སྡེ་གི་ གཙོ་འཛིན་འོགམ རྟ་མགྲིན་དབང་ཕྱུག་གིས་སླབ་མི་ནང་ ས་གོ་འདི་ཚུ་གི་ནང་ལས་ཕར་ སྐྱིན་འགྲུལ་མ་བཏབ་པར་ཡོད་མི་གི་གྱངས་ཁ་འདི་ མར་ཕབ་འགྱོ་བ་ཅིན་ གནས་ཚད་ལུ་བལྟ་སྟེ་ སྐྱིན་འགྲུལ་བྱིན་འོང་ཟེར་བཤད་ཅི།

འབྲུག་གོང་འཕེལ་དངུལ་ཁང་གིས་ ད་ལྟོ་ཚུན་ཚོད་ སྐྱིན་འགྲུལ་ཞུ་མི་༧༠༠་ལྷགཔ་ཅིག་ལུ་ དངུལ་ཀྲམ་ས་ཡ་༡༧༠་དེ་ཅིག་ སྐྱིན་འགྲུལ་བྱིན་ཏེ་ཡོད་ས་ལས་ སྐྱིན་འགྲུལ་ཞུ་མི་༡༨༥་གིས་ སྐྱིན་འགྲུལ་བཏབ་མ་ཚུགས་པར་ ཡོདཔ་སྦེ་མཐོང་ནུག

གནད་དོན་འདི་ཡང་ ཐིམ་ཕུག་ལུ་སྦེ་འགོ་འདྲེན་འཐབ་མི་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ ཐེངས་༣༢་པ་ཚོགས་པའི་སྐབས་ལུ་ གསལ་སྟོན་བྱུང་སྟེ་ཡོདཔ་ཨིན།

ཚོང་ལས་ཆུང་བ་ཚུ་ལུ་ དངུལ་ཁང་འདི་ནང་ལས་ སྐྱིན་འགྲུལ་བྱིན་ནི་སྲོལ་འདི་ཡང་ འབྲུག་པའི་ཚོང་འབྲེལ་ཚུ་ ཡར་དྲག་བཏང་ནི་གི་དོན་ལས་ སྤྱི་ལོ་༢༠༠༩་ལུ་ འབྲུག་ཚོང་དང་བཟོ་གྲྭའི་ཚོགས་སྡེ་གིས་ འབྲུག་གོང་འཕེལ་དངུལ་ཁང་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ འགོ་འདྲེན་འཐབ་ནུག

ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཀྱི་སྐབས་ལུ་ རྫོང་ཁག་༢༠་གི་ནང་ལས་ ཚོང་འབྲེལ་ངོ་ཚབ་ཚུ་གིས་ སྐྱིན་འགྲུལ་དེ་ལས་བརྟེན་ཏེ་ མི་སེར་ཚུ་ལུ་ ཁེ་ཕན་ཚུ་གི་སྐོར་ལས་ཡང་ བཤད་དེ་ཡོདཔ་ཨིན།

འབྲུག་གོང་འཕེལ་དངུལ་ཁང་གིས་ སྤྱི་ལོ་༢༠༡༦་ལུ་ ཚོང་ལས་ཆུང་བ་ག་རའི་དོན་ལུ་ སྐྱིན་འགྲུལ་མ་བྱིན་པར་བཞག་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༧་ལུ་ ལོག་སྟེ་རང་བྱིན་ནི་འགོ་བཙུགས་ནུག