གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ ཕྱགས་སྙིགས་དང་འབྲེལ་བའི་གདོང་ལེན།

སྤྱི་ཟླ་༩ པའི་ཚེས་ ༩ ༢༠༡༩

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ལུ་ ཕྱགས་སྙིགས་བཀོག་སའི་ས་གོ་ གཏན་ཏོག་ཏོ་ཅིག་མེད་འདི་གིས་ ཕྱགས་སྙིགས་ཚུ་འཛིན་སྐྱོང་འཐབ་ནི་ནང་ གདོང་ལེན་བྱུང་སྟེ་སྦེ་འདུག

ད་རེས་ ཚོང་པ་དང་ མི་སེར་ཚུ་གིས་ ཁོང་རའི་ཕྱགས་སྙིགས་ཚུ་ ས་དོང་བཀོག་སྟེ་ འདི་ནང་ལུ་ མེ་བཏང་དགོཔ་འཐོན་ཡོདཔ་ད་ ལ་ལོ་ཅིག་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོད་དོ་ཡོདཔ་ཨིན་མས།

འདི་འབདཝ་ལས་ ཚོང་པ་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱི་ ད་རེས་ བདུན་ཕྲག་རེ་ནང་ ཕྱགས་བརྡར་གྱི་ལས་རིམ་ ཚར་རེ་འགོ་འདྲེན་འཐབ་མི་འདི་གིས་ ཕན་ཐོགས་ཅིག་འབྱུང་མ་ཚུགས་པར་ ཡོདཔ་སྦེ་བཤད་ཅི།

ཨིན་རུང་ དྲུང་ཁག་འདི་ནང་ལུ་ འདས་པའི་ཟླཝ་ནང་ ཕྱགས་སྙིགས་འཛིན་སྐྱོང་གི་ བསྐྱར་གསོའི་མཐུན་རྐྱེན་ཅིག་ གཞི་བཙུགས་འབད་དེ་ཡོད་མི་འདི་ ད་ལས་ཕར་ མགྱོགས་པ་རང་ འགོ་བཙུགས་ཚུགས་པའི་རེ་བ་ཡོདཔ་ལས་ གནད་དོན་འདི་ སེལ་ཚུགས་ནི་བཟུམ་ཅི་ག་ཡོདཔ་ཨིན་མས།

ཕྱགས་སྙིགས་འཛིན་སྐྱོང་བསྐྱར་གསོ་དང་འཁྲིལཔ་ད་ ཕྱགས་སྙིགས་ཚུ་ བསྡུ་ལེན་འབད་ནི་གི་དོན་ལས་ སྣུམ་འཁོར་ཅིག་ཡང་ མཁོ་མངགས་འབད་དེ་ཡོདཔ་ལས་ སྣུམ་འཁོར་ལྷོད་པའི་ཤུལ་ལུ་ ཁོང་གི་ཁ་ཐུག་ལས་ ཕྱགས་སྙིགས་ཚུ་བསྡུ་ལེན་འབད་དེ་ ལུད་བཟོ་འོང་ཟེར་བཤད་ཅི།

མཐུན་རྐྱེན་འདི་གིས་ ཕྱགས་སྙིགས་ཚུ་ཡང་ དྲུང་ཁག་འདི་གི་འོག་ལུ་ཆགས་ཏེ་ཡོད་པའི་ ཕུན་ཚོགས་ཐང་དང་པདྨ་ཐང་ དེ་ལས་ བསམ་རངས་དང་ མར་ཚ་ལ་རྒེད་འོག་ཚུ་ནང་ལས་ བསྡུ་ལེན་འབད་ནི་ཨིན་མས།

བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ལུ་ ཟླཝ་རེ་ནང་ གྱིབ་ཤོག་གི་ཕྱགས་སྙིགས་ metric ton ༢་དེ་ཅིག་ འཐོན་དོ་ཡོདཔ་སྦེ་ཨིན་མས།