གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

རྒྱ་སྐྱེད་སླབ་གྲྭ་འདི་ གྱང་ཁོག་ཅིག་ལུ་ འགྱུར་བའི་ཚ་གྱང་།

སྤྱི་ཟླ་༨ པའི་ཚེས་ ༡༢ ༢༠༡༩

༉ པདྨ་དགའ་ཚལ་རྫོང་ཁག་ རི་འཛོམས་མོ་སྤྱི་འོག་ནང་ལུ་ ཧེ་མ་ཚར་ཅིག་ རྒྱ་སྐྱེད་སློབ་གྲྭ་ཅིག་སྦེ་ ལག་ལེན་འཐབ་མི་འདི་ ད་རེས་ གཡོག་བཀོད་མ་ཚུགས་པར་ཡོདཔ་ལས་ གྲོས་ཀྱིས་སྦེ་ གྱང་ཁོག་ཅིག་ལུ་ འགྱུར་དོ་ཡོདཔ་ཨིན་མས།

འདི་ལུ་ ས་གནས་འདི་ཁའི་མི་སེར་ཚུ་གིས་སླབ་མི་ནང་ སློབ་ཁང་འདི་ མགྱོགས་སུ་ཅིག་སྦེ་ ལག་ལེན་མ་འཐབ་པ་ཅིན་ མི་དམངས་ཀྱི་ཐོན་ཁུངས་ཚུ་ ཕྱུག་ཟད་འགྱོ་ནི་གི་ ཉེན་ཁ་འདུག་ཟེར་བཤད་ཅི།

སློབ་ཁང་འདི་ཡང་ སློབ་ཕྲུག་འཛུལ་བཞུགས་ཀྱི་ ཉུང་མཐའི་གྱངས་ཁ་དགོ་མི་གི་ ཁྱད་ཚད་དང་མ་ལྡནམ་ལས་ སྤྱི་ལོ་༢༠༡༧་ལུ་ སྒོ་བསྡམ་དགོཔ་འཐོན་པའི་ཤུལ་ལུ་ སློབ་གྲྭའི་ས་གོ་འདི་ ནོར་འཚོ་སའི་ས་གོ་ཅིག་ལུ་ འགྱུར་ཡོདཔ་མ་ཚད་ སློབ་ཁང་གི་བཟོ་བཀོད་ཚུ་ཡང་ འགྲོས་ཀྱིས་སྦེ་ མེདཔ་ཐལ་དོ་ཡོདཔ་ཨིན་མས།

འདི་འབདཝ་ལས་ ས་གནས་འདི་ནང་སྡོད་མི་ཚུ་གིས་བཀོད་མི་ནང་ གཞུང་གིས་ མ་དངུལ་མེད་དེ་རང་འབད་རུང་ མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ ཐུགས་བཞེད་གནང་སྟེ་ རྒྱ་སྐྱེད་སློབ་གྲྭ་རྐྱབ་མི་འདི་ ད་རེས་ མེདཔ་འགྱོ་སར་མཐོངམ་ད་ བློ་འགྱོད་བསྐྱེད་དགོཔ་འཐོན་དོ་ཡོདཔ་སྦེ་བཤད་ཅི།

ཨིན་རུང་ གཡུས་ཚན་འདི་ནང་གི་མི་སེར་ཚུ་གིས་ ཐོན་སྐྱེད་འདི་ འཕྲོ་བརླགས་མི་འགྱོ་ནི་གི་ཐབས་ལུ་ ཉམས་བཅོས་དུམ་གྲ་རེ་འབད་ཞིནམ་ལས་ སྒོ་ནོར་གསོ་སྐྱོང་ཁང་ཅིག་ འགོ་བཙུགས་ནི་གི་འཆར་གཞི་ཡོད་རུང་ ལམ་ལུགས་ལས་བརྟེན་ཏེ་ ག་དེ་སྦེ་ བཙུགས་ཆོག་ག་སླབ་མ་ཤེས་པར་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ མི་སེར་ལ་ལུ་ཅིག་གིས་བཀོད་མི་ནང་ སློབ་ཁང་འདི་ནང་ལུ་ མཉམ་ལས་ཚོགས་པའི་ཡིག་ཚང་ཅིག་ བཙུགས་བཅུགས་པ་ཅིན་ མི་སྡེ་ནང་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་བཤད་ཅི།

དེ་མེན་རུང་ ས་གོ་འདི་ནང་ལུ་ ཉ་དང་སྒོ་ནོར་ དེ་ལས་ བྱ་གསོ་སྐྱོང་འབད་ནི་གི་ གོ་སྐབས་གནང་པ་ཅིན་ འཚོ་བའི་གནས་སྟངས་ ཡར་དྲག་བཏང་ནི་ལུ་ ལྷན་ཐབས་འབྱུང་ནི་མས་ཟེར་ཨིན་མས།

འདི་ལུ་ བདེ་ཆེན་གླིང་རྒཔོ་ བསོད་ནམས་རིན་ཆེན་གྱིས་བཀོད་མི་ནང་ འདི་བཟུམ་གྱི་ཐབས་ཤེས་དང་ གསར་བཏོད་ཚུ་ གཞི་བཙུགས་འབད་ནི་གི་ གནས་སྐབས་ར་ཡོད་པ་ཅིན་ ཁོང་གི་ཁ་ཐུག་ལས་ ཁག་ཆེ་བའི་རྒྱབ་སྐྱོར་ཚུ་ བྱིན་ཆོགཔ་སྦེ་རང་ཡོད་ཟེར་བཤད་ཅི།

རྒྱ་སྐྱེད་སློབ་ཁང་འདི་ སྒོ་བསྡམ་པའི་ཤུལ་མ་ རྒེད་འོག་བདག་སྐྱོང་ལུ་ རྩིས་སྤྲོད་ཡོདཔ་ད་ སྤྱི་ལོ་༢༠༡༥་ལས་༢༠༡༧་ཚུན་ཚོད་ རྒྱ་སྐྱེད་སློབ་ཁང་སྦེ་ གཡོག་བཀོལ་ཏེ་སྡོད་པའི་སྐབས་ རི་འཛོམས་མོ་སྤྱི་འོག་གི་ ཁྱིམ་གུང་པ་༧༠་དེ་ཅིག་ལུ་ ཕན་ཐོགས་འབྱུང་ཡོདཔ་ཨིན་མས།