གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

ཞི་གཡོགཔ་ཚུ་གི་དོན་ལས་ བང་རྒྱུགས་ཀྱི་ལས་རིམ།

སྤྱི་ཟླ་༨ པའི་ཚེས་ ༡༢ ༢༠༡༩

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཐིམ་ཕུག་ལུ་སྦེ་ ཞི་གཡོགཔ་ཚུ་གི་དོན་ལས་ བང་རྒྱུགས་ཀྱི་ལས་རིམ་ འགོ་དང་པ་ འགོ་འདྲེན་འཐབ་ས་ལུ་ ཞི་གཡོགཔ་སྟོང་ཕྲག་༢་ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་ནུག

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཞི་བདེའི་ལས་ཚན་གྱི་ འགོ་འཛིན་ ཤེས་རབ་བཟང་པོ་གིས་སླབ་མི་ནང་ བང་རྒྱུགས་ཀྱི་ལས་རིམ་འདི་ཡང་ ཞི་གཡོགཔ་ཚུ་གི་འཕྲོད་བསྟེན་ གནས་ཚད་དང་ལྡནམ་སྦེ་བཞག་སྟེ་ མི་དམངས་ལུ་ འཇོན་ཐངས་ཅན་གྱི་ཞབས་ཏོག་ཚུ་ དུས་ཚོད་ཁར་སྤྲོད་པའི་ དམིགས་གཏད་བསྐྱེད་དེ་སྦེ་ འགོ་འདྲེན་འཐབ་ཡོདཔ་སྦེ་བཤད་ཅི།

ལས་རིམ་འདི་ནང་ལུ་ བཅའ་མར་གཏོགས་མི་ཚུ་གིས་ ཨམ་སྲུའི་དབྱེ་ཁག་དང་ ལོ་ཚད་༤༥་ཡན་ཆད་དང་ ༤༥་མེན་ཆད་ཀྱི་དབྱེ་ཁག་༣་གྱི་ནང་ལུ་ དོ་འགྲན་འབད་ནུག

འདི་བསྒང་ ཀི་ལོ་མི་ཀྲར་༡༠་འབད་མི་ སྐྱེ་ལོ་༤༥་ཡན་ཆད་ཀྱི་ བང་རྒྱུགས་ཀྱི་དབྱེ་ཁག་ནང་ལས་ རྒྱལ་ཡོངས་རྒྱུ་དངོས་ལས་ཁུངས་ནང་ལས་ ཀརྨ་དབང་འདུས་ཀྱིས་ ཨང་དང་པ་འཐོན་ཡོདཔ་ད་ ཁོ་གིས་ བང་རྒྱུགས་ཀྱི་ལས་རིམ་འདི་ དུས་ཡུན་སྐར་མ་༤༨་དང་སྐར་ཆ་༣༠་གི་ནང་འཁོད་ མཇུག་བསྡུ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཀི་ལོ་མི་ཀྲར་༡༠་འབད་མི་ ཨམ་སྲུའི་བང་རྒྱུགས་ཀྱི་དབྱེ་ཁག་ནང་ལས་ རྒྱལ་ཡོངས་རྒྱུ་དངོས་ལས་ཁུངས་ནང་ལས་རང་ བདེ་ཆེན་དབང་མོ་གིས་ ཨང་དང་པ་འཐོན་ཡོདཔ་ད་ མོ་གིས་ བང་རྒྱུགས་ཀྱི་ལས་རིམ་འདི་ དུས་ཡུན་སྐར་མ་༤༠་དང་སྐར་ཆ་༢༥་གི་ནང་འཁོད་ མཇུག་བསྡུ་ནུག

དེ་ལས་ ཀི་ལོ་མི་ཀྲར་༡༥་འབད་མི་ སྐྱེ་ལོ་༤༥་མེན་ཆད་ཀྱི་ བང་རྒྱུགས་ཀྱི་དབྱེ་ཁག་ནང་ལས་ རྒྱལ་པོའི་སྐུ་སྲུང་དམག་སྡེ་ནང་ལས་ ཆོས་སྐྱིད་རྡོ་རྗེ་གིས་ དུས་ཡུན་སྐར་མ་༥༣་དང་སྐར་ཆ་༥༢་གི་ནང་འཁོད་ མཇུག་བསྡུ་སྟེ་སྦེ་ ཨང་དང་པ་འཐོན་ནུག

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ལས་རིམ་འདི་ ད་ལས་ཕར་ ལོ་བསྟར་གྱི་ལས་རིམ་ཅིག་སྦེ་བཟོ་ནི་གི་ འཆར་གཞི་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ ས་གནས་སོ་སོ་ཚུ་ནང་ལས་ཕར་ཡང་ འགོ་འདྲེན་འཐབ་ནི་ལུ་ བལྟ་དོ་ཡོདཔ་ཨིན་མས།