གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

ཐིམ་ཕུག་ལུ་ ཕྱགས་སྙིགས་མེད་པའི་དུས་ཚོད་ འགོ་འདྲེན་འཐབ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣ ༢༠༡༩

༉ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཕྱགས་སྙིགས་མར་ཕབ་འབད་ནི་དང་ ཉུང་ཤོས་རང་ ཆུ་ཚོད་༡་གི་རིང་ལུ་ ཕྱགས་སྙིགས་ཚུ་འཐུ་ནི་གི་དོན་ལུ་ ད་རིས་ ཐིམ་ཕུག་ལུ་ ཕྱགས་སྙིགས་མེད་པའི་དུས་ཚོད་ འགོ་འདྲེན་འཐབ་ནུག

འདི་བསྒང་ བློན་ཆེན་གྱི་དབུ་ཁྲིད་མཛད་དེ་ གཞུང་གི་ལས་སྡེ་མ་འདྲཝ་ཚུ་གི་ནང་ལས་དང་ ཞི་བའི་མི་སྡེ་ལས་ཚོགས་ དེ་ལས་ ཁས་བླངས་པ་༡༥༠ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ ཕྱགས་སྙིགས་མེ་ཊིག་ཊཱན་༦་ལྷགཔ་ཅིག་འཐུ་ནུག

ཕྱགས་སྙིགས་མེད་པའི་དུས་ཚོད་འདི་ཡང་ འདས་པའི་ཟླཝ་ནང་ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ འགོ་འབྱེད་མཛད་གནང་ཡོདཔ་ཨིན་མས།

ལས་རིམ་འདི་ཡང་ ཕྱགས་སྙིགས་ཀྱི་ཐད་ཁར་ མི་ཚུ་གི་མནོ་བསམ་བཏང་ཐངས་ཚུ་ འགྱུར་བཅོས་འབད་དེ་ ཕྱགས་སྐྱིགས་བདག་འཛིན་འཐབ་ནི་གི་ འགན་ཁུར་འབག་བཅུག་ནི་གི་ལས་ གོ་བ་བརྡ་སྤྲོད་འབད་ཐབས་ལུ་ཨིན་མས།

ཕྱགས་སྙིགས་མེད་པའི་དུས་ཚོད་འདི་ ཟླཝ་ཨ་རྟག་རང་ སྤྱི་ཚེས་༢་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ལས་རིམ་འདི་ལས་བརྟེན་ ཡིག་ཚང་དང་གཙུག་སྡེ་ཚུ་གིས་ ཁོང་རའི་མཐའ་འཁོར་ཚུ་ནང་ལས་ཕར་ ཕྱགས་བརྡར་རྐྱབ་སྟེ་ ཕྱགས་སྙིགས་མེདཔ་སྦེ་བཟོ་ནི་ནང་ལུ་ སེམས་ཤུགས་བྱིནམ་ཨིན་མས།

ལས་རིམ་འདི་ཡང་ སྤྱི་ལོ་༢༠༣༠གི་ནང་འཁོད་ ཕྱགས་སྙིགས་མེད་པའི་མི་སྡེ་ཟེར་མི་ དམིགས་གཏད་འདི་གྲུབ་ནི་གི་དོན་ལུ་ ཐབས་ལམ་ཅིག་སྦེ་ འགོ་བཙུགས་ཏེ་ཡོདཔ་ཨིན།

ལས་རིམ་འདི་གི་དོན་ལས་ ཟླ་རིམ་བཞིན་དུ་རང་ ལྷན་ཁག་དང་རྫོང་ཁག་ དེ་ལས་ ཁྲོམ་སྡེ་དང་འབྲེལ་ཡོད་ལས་སྡེ་ འདི་བཟུམ་སྦེ་ གཙུག་སྡེ་དང་མི་སྡེ་ཚུ་གིས་ འབྲེལ་ཡོད་མི་ངོམ་ཚུ་ ངོས་འཛིན་འབད་ནི་སྦེ་འདུག

འདི་བཟུམ་སྦེ་ ལས་རིུམ་འདི་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ གནས་སྡུད་ཚུ་བསྡུ་ལེན་འབད་དེ་ བསྟར་སྤྱོད་འབད་ནི་གི་དོན་ལས་ ལྟ་རྟོག་འབད་ནི་ཨིན་མས།