གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

ཡུན་བརྟན་ས་གཞི་འཛིན་སྐྱོང་འཐབ་ནི་འདི་གིས་ ས་གཞི་ཚུ་ ཟ་སྤྱོད་འབད་ཚུག་པའི་ཕན་ཐོགས།

སྤྱི་ཟླ་༦ པའི་ཚེས་ ༡༩ ༢༠༡༩

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཝང་ཕུག་རྒེད་འོག་ནང་གི་ ཁྱིམ་གུང་པ་༢༧༧དེ་ཅིག་གིས་ མི་སེར་གྱིས་ ཡུན་བརྟན་ས་གཞི་འཛིན་སྐྱོང་འཐབ་ནི་འདི་གིས་ ཁོང་རའི་མི་ཚེ་ནང་ལུ་ ས་ཆ་ཚུ་འཕྲོ་མཐུད་དེ་རང་ ལག་ལེན་འཐབ་ཚུགས་ཏེ་སྦེ་འདུག

ཡུན་བརྟན་སྦེ་ ས་གཞི་འཛིན་སྐྱོང་འཐབ་མི་ལས་བརྟེན་ཏེ་ ས་རུད་ཆད་ནི་གི་ཉེན་ཁ་ཡོད་པའི་ ས་ཆ་ཨེ་ཀར་༣༠༠་དེ་ཅིག་ འཇོན་ཐངས་ཅན་ཅིག་སྦེ་ ཟ་སྤྱོད་འབད་ཚུགས་ཏེ་ཡོདཔ་མ་ཚད་ ལོ་ཐོག་གི་ཐོན་ཤུགས་ཚུ་ཡང་ ཡར་སེང་འགྱོ་ཚུགས་པའི་ ཕན་ཐོགས་འབྱུང་སྟེ་ཡོདཔ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་ རུད་ཆད་མི་བཅུག་ནི་གི་དོན་ལས་ ས་གཞི་ཚུ་ཐེམ་པ་སྦེ་བཟོ་སྟེ་ ཤིང་འབྲས་དང་ ཤིང་ཚུ་བཙུགས་ཏེ་ཡོདཔ་མ་ཚད་ འདི་གི་མཐའ་སྐོར་ཏེ་ ར་ཝ་གི་ཚབ་སྦེ་ རྩིདཔ་ཚུ་རྐྱབ་སྟེ་འདུག

རྒེད་འོག་འདི་ནང་གི་ ས་ཞིང་ཚུ་མང་ཤོས་ཅིག་རང་ གྱེད་པ་གཟར་དྲགས་ཅིག་གུ་ཆགས་ཏེ་ཡོདཔ་ལས་ སྤྱི་ལོ་༢༠༡༦་ལུ་ རྒྱལ་ཡོངས་སའི་ཞབས་ཏོག་ལྟེ་བ་གིས་ ཡུན་བརྟེན་ས་གཞི་འཛིན་སྐྱོང་གི་ ལས་རིམ་ཅིག་འགོ་འདྲེན་མ་འཐབ་ཚུད་ཚོད་ ས་རུད་ཆདཔ་ཆད་ས་རང་ སྡོད་ཡོདཔ་ཨིན་མས།

ཨིན་རུང་ མི་སེར་ཚུ་གིས་བཀོད་མི་ནང་ ཐབས་ཤེས་འདི་གིས་ ཁོང་ཆ་ཁྱབ་ལུ་ བརྒྱ་ཆ་ལས་བརྒྱ་སྦེ་རང་ ཕན་ཐོགས་འབྱུང་ཡོདཔ་ལས་ ས་གཞི་ཚུ་བུ་གཞི་གི་སྟེང་ཁ་ བདག་འཛིན་འཐབ་ཚུགས་པའི་ ཁེ་ཕན་འབྱུང་ཡོདཔ་སྦེ་བཤད་ཅི།

ལས་རམ་འདི་ མཐར་འཁྱོལ་ཅིན་ཅིག་སྦེ་འགྱོ་བའི་ཤུལ་ལུ་ དུས་ཅི་ ས་གཞི་སྤང་སྦེ་བཞག་ནི་དང་ཉམས་འགྱོ་ནི་ལས་ བཀག་ཆ་འབད་ནི་གི་ཐབས་ལུ་ འཛམ་གླིང་གི་ཉིནམ་འདི་ཡང་ ཝང་ཕུག་རྒེད་འོག་ནང་ལུ་ བརྩི་སྲུང་འབད་ནུག

ཉིནམ་འདི་ཡང་ ང་བཅས་ཀྱིས་ མ་འོངས་པའི་དོན་ལུ་ མཉམ་འབྲེལ་གྱི་ཐོག་ལས་ གོང་འཕེལ་བཏང་གེ་ཟེར་བའི་ རྗོད་དོན་ཐོག་ལུ་ བརྩི་སྲུང་འབད་ནུག

རྒྱལ་ཁབ་ནང་ལུ་ ས་གཞི་སྤང་སྦེ་བཞག་ནི་དང་ཉམས་འགྱོ་ནི་ལས་ བཀག་ཆ་འབད་ནི་གི་དོན་ལས་ འཛམ་གླིང་གི་ཉིནམ་འདི་ཡང་ སྤྱི་ལོ་༢༠༠༨་ལས་ བརྩི་སྲུང་འབད་ནི་འགོ་བཙུགས་ཡོདཔ་ཨིན་མས།

ཉིནམ་འདི་ཡང་ ས་གཞི་སྤང་སྦེ་བཞག་མི་དང་ ཉམས་འགྱོ་མི་ དེ་ལས་ གནམ་གཤིས་འགྱུར་བ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནི་གི་དོན་ལས་ བརྩི་སྲུང་འབདཝ་ཨིན་མས།

སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ད་ལྟོ་ཚུན་ཚོད་ རུད་ཆད་ནི་གི་ཉེན་ཁ་ཡོད་པའི་ ས་གཞི་ཨེ་ཀར་སྟོང་ཕྲག་༢༥་ལྷགཔ་ཅིག་ ཡུན་རྟེན་ས་གཞི་འཛིན་སྦྱོང་འཐབ་ནི་གི་ ཐབས་ཤེས་ཀྱི་འོག་ལུ་ འཛིན་སྐྱོང་འཐབ་སྟེ་ཡོདཔ་ཨིན་མས།