གཟའ་ཉི་མ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༡

ཤིང་མཁར་དང་སྒོར་གཱན་གྱི་བར་ན་ ཕྲང་ལམ་སེལ་ནི་གི་དོན་ལུ་ མཐའ་འཁོར་ཉོག་མེད་ཀྱི་ གནང་ལུ་བསྒུག་པའི་བསྒང་།

སྤྱི་ཟླ་༦ པའི་ཚེས་ ༡༣ ༢༠༡༩

༉ ཞབས་ཏོག་ལྷན་ཁག་གིས་ ཤིང་མཁར་དང་སྒོར་གཱན་གྱི་བར་ན་ ཕྲང་ལམ་སེལ་ནི་གི་དོན་ལུ་ ད་རེས་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ནང་ལས་ མཐའ་འཁོར་ཉོག་མེད་ཀྱི་གནང་བ་འདི་ མ་ཐོབ་པར་ཡོདཔ་ཨིན་མས།

གནད་དོན་འདི་ཡང་ སྒང་ཟུར་སྨིན་རྒྱས་འདེམས་ཁོངས་ཀྱི་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱིས་ མཐའ་འཁོར་གནོད་ཉེན་གྱི་བརྟག་ཞིབ་སྙན་ཞུ་གི་ཐད་ཁར་ དྲི་བ་ཞུ་བའི་སྐབས་ལུ་ འཐོན་ཏེ་ཡོདཔ་ཨིན།

འདི་བསྒང་ འཐུས་མི་འདི་གིས་ཞུ་མི་ནང་ ཤིང་མཁར་དང་སྒོར་གཱན་གྱི་བར་ན་ འཕྲང་ལམ་སེལ་ནི་གི་ལཱ་འདི་ ནམ་ལས་འགོ་བཙུགས་ནི་ཨིན་ན་ཟེར་བའི་ དྲི་བ་ཞུ་ཡི།

འདི་བཟུམ་སྦེ་ མཐའ་འཁོར་གནོད་ཉེན་གྱི་ བརྟག་ཞིབ་སྙན་ཞུ་འདི་ སྒེར་གྱི་གྲོས་སྟོན་པ་དང་གཞུང་༢་ག་གིས་སྦེ་ གྲ་སྒྲིག་རྐྱབ་ཨིན་ན་དང་ ག་དེ་ཅིག་སྦེ་ སྙན་ཞུ་གྲ་སྒྲིག་འབད་ནི་འདི་ སྒེར་གྱི་གྲོས་སྟོན་པ་ལུ་ བྱིན་དེ་ཡོད་པ་ཅིན་ བརྟག་ཞིབ་འབད་ནི་གི་འགན་ཁྲི་འདི་ ག་ལུ་ཕོགཔ་ཨིན་ན་ཟེར་ཨིན་མས།

འདི་ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ཞུ་མི་ནང་ མཐའ་འཁོར་གནོད་ཉེན་གྱི་བརྟག་ཞིབ་སྙན་ཞུ་འདི་ སྒེར་གྱི་གྲོས་བསྟུན་པ་གིས་སྦེ་ གྲ་སྒྲིག་རྐྱབ་མེན་ཟེར་ཨིན་མས།

ད་རུང་ བློན་པོ་གིས་ཞུ་མི་ནང་ ཕྲང་ལམ་སེལ་ནི་གི་དོན་ལུ་ ས་ཆ་གི་འོས་འབབ་བརྟག་ཞིབ་ཚུ་ འབད་དགོཔ་ཡོདཔ་ལས་ འདི་ཚུ་འབད་ནི་གི་དོན་ལུ་ ལྷན་ཁག་ལུ་ མཁས་མཆོག་ག་ར་ཚངམ་སྦེ་མེདཔ་ལས་ གཞན་མི་ཡིག་ཚང་ནང་ལས་ མཁས་མཆོག་ཚུ་ལུ་ རེ་དགོ་དོ་ཡོདཔ་ལས་ སྙན་ཞུ་འདི་ ཞབས་ཏོག་ལྷན་ཁག་གིས་ཡང་ གྲ་སྒྲག་འབདཝ་མེན་ཟེར་ཞུ་ཡི།

འདི་བཟུམ་སྦེ་ བློན་པོ་གིས་བཀོད་མི་ནང་ འཁོར་ལམ་འདི་ལས་བརྟེན་ ཤར་ཕྱོགས་རྫོང་ཁག་༤དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་རུང་ ག་དེ་ཅིག་སྦེ་ འཁོར་ལམ་འདི་སེལ་ནི་འགོ་བཙུགས་པ་ཅིན་ ཁྱད་རིག་གི་དཀའ་ངལ་ཚུ་ཡང་ འཐོན་འོང་ཟེར་ཨིན་མས།

བུམ་ཐང་ ཤིང་མཁར་ལས་ ལྷུན་རྩེ་ སྒོར་གཱན་ཚུན་གྱི་གཞུང་ལམ་འདི་གིས་ རྫོང་ཁག་༢ཀྱི་བར་ན་ ལམ་ཐག་འདི་ ཀི་ལོ་མི་ཊར་བརྒྱ་ལྷགཔ་ཅིག་གིས་ མར་ཕབ་འགྱོ་ནི་ཨིན་མས།

ཨིན་རུང་ བློན་པོ་གིས་ཞུ་མི་ནང་ བརྟག་ཞིབ་འབད་དེ་ཡོད་པའི་ས་སྒོ་ནང་ལུ་ བྱག་ཀི་ལོ་མི་ཊར་༩དེ་ཅིག་ཡོདཔ་སྦེ་མཐོང་སྟེ་ཡོདཔ་ད་ འདི་གིས་སྦེ་ དངུལ་འབྲེལ་གྱི་གནད་དོན་ལུ་ བྱེམ་ཕོག་ནི་ཨིནམ་མ་ཚད་ འཁོར་ལམ་འདི་སེལ་བའི་ཤུལ་ལུ་ཡང་ འགྲོ་འགྲུལ་པ་ཚུ་ལུ་ ཕན་སྦོམ་སྦེ་རང་ ཐོགས་མི་ཚུགས་ནི་བཟུམ་ཅིག་འདུག་ཟེར་ཨིན་མས།

ཤིང་མཁར་དང་སྒོར་གཱན་གྱི་བར་ན་འཕྲང་ལམ་སེལ་ནི་གི་ཐད་ཁར་ ལོ་༢༠ལྷགཔ་ཅིག་གི་ཧེ་མ་ལས་རང་ གྲོས་བསྡུར་འབད་དེ་ཡོད་རུང་ ད་ལྟོའི་བར་ན་ཡང་ འཁོར་ལམ་སེལ་ནི་ཨིན་ན་དང་མེན་ན་འདི་ ཧིང་སངས་ས་ཅིག་མེདཔ་ཨིན་མས།