གཟའ་ཕུར་བུ། ༢༠༡༩ ཟླ་༦ པའི་སྤྱི་ཚེས་༡༩

འབྲུག་ལུ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༦༣དང་ས་ཡ་༢༠༠ གནང་སྦྱིན་སྦེ་ཐོབ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༣ ༢༠༡༩

༉ དུས་ཅི་ སྤྱི་ཟླ་༣པའི་ནང་ལུ་ འགོ་འདྲེན་འཐབ་སྟེ་ཡོད་མི་ གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ཐེངས་༡༤པའི་སྐབས་ལུ་ འབྲུག་རྒྱལ་ཁབ་ཀྱིས་ གྲོགས་རམ་འབད་མི་རྒྱལ་ཁབ་ཚུ་གི་ནང་ལས་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༦༣དང་ས་ཡ་༢༠༠ གནང་སྦྱིན་སྦེ་ཐོབ་སྟེ་འདུག

 གནད་དོན་འདི་ཡང་ ངང་ལམ་འདེམས་ཁོངས་ནང་ལས་འཐུས་མི་ ཆོས་གྲགས་རྒྱ་མཚོ་གིས་ གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ཀྱི་སྐབས་ལུ་ གནང་སྦྱིན་དང་སྐྱིན་འགྲུལ་ཚུ་གི་ཐད་ཁར་ ཁས་ལེན་འབད་དེ་ཡོད་པའི་སྐོར་ལས་ དྲི་བ་ཞུ་བའི་ལན་ལུ་ ཕྱི་འབྲེལ་བློན་པོ་ རྟ་མགྲིན་རྡོ་རྗེ་གིས་ཞུ་སྟེ་ཡོདཔ་ཨིན།

ད་རུང་ ཕྱི་འབྲེལ་བློན་པོ་གིས་ཞུ་མི་ནང་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༦༣ལས་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༤༥འདི་ རྒྱ་གར་རྒྱལ་ཁབ་ཀྱི་བྱིན་ནི་སྦེ་ ཁས་ལེན་འབད་དེ་ཡོདཔ་ད་ འདི་ཚུ་ གཞུང་གིས་ ཁས་བླངས་འབད་དེ་ཡོད་མི་དང་འཁྲིལ་ཏེ་ སྨན་ཁང་སྦོམ་ཚུ་རྐྱབ་འོང་ཟེར་ཞུ་ཡི།

འདི་བཟུམ་སྦེ་ འབྲུག་རྒྱལ་ཁབ་ཀྱིས་ ཡུ་རོབ་གཅིག་བསྡོམས་ཚོགས་པ་དང་ཇ་པཱན་ དེ་ལས་ ཨཱསི་ཊེ་ཡ་དང་ཀོ་རི་ཡ་གི་ ཟུང་ཕྱོགས་ལས་སྡེ་ཚུ་གི་ནང་ལས་ཡང་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༨དང་ས་ཡ་༧༠༠ཐོབ་སྟེ་འདུག

ཡུ་རོབ་གཅིག་བསྡོམས་ཚོགས་པ་གིས་ འབྲུག་ལུ་ ཡུ་རོ་ས་ཡ་ཕྱེད་ད་༡༠གྱི་དངུལ་འཛིན་བྱིན་ཏེ་ཡོད་པའི་ཁར་ ད་རུང་རང་ རྒྱབ་སྐྱོར་ཚུ་འབད་ནི་སྦེ་ ཁས་ལེན་འབད་དེ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ གཞུང་གིས་ རྒྱལ་ཁབ་ཁག་གི་ ལས་སྡེ་ཚུ་གི་ནང་ལས་ཡང་ དངུལ་ཀྲམ་ས་ཡ་སྟོང་ཕྲག་ཕྱེད་ད་༦ཐོབ་སྟེ་ཡོདཔ་མ་ཚད་ གཞུང་གིས་ སོ་ནམ་གོང་འཕེལ་གྱི་དོན་ལུ་ རྒྱལ་སྤྱིའི་མ་དངུལ་དང་ འཛམ་གླིང་དངུལ་ཁང་ དེ་ལས་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་དང་ གཞན་མི་དངུལ་འབྲེལ་གཙུག་སྡེ་ཚུ་གི་ནང་ལས་ཡང་ དངུལ་ཀྲམ་ས་ཡ་སྟོང་ཕྲག་ཕྱེད་ད་༦ཐོབ་སྟེ་འདུག

ངང་ལམ་འདེམས་ཁོངས་ཀྱི་འཐུས་མི་འདི་གིས་ དངུལ་འབྲེལ་གཙུག་སྡེ་ཚུ་གི་ནང་ལས་ དངུལ་ཀྲམ་ས་ཡ་སྟོང་ཕྲག་ཕྱེད་ད་༦ཐོབ་མི་འདི་ གནང་སྦྱིན་སྦེ་ཨིན་ན་དང་ ཡང་ན་ སྐྱིན་འགྲུལ་ཐོག་ལུ་ཨིན་ན་གི་སྐོར་ལས་ཡང་ དྲི་བ་ཚུ་ཞུ་ཡི།

འདི་ལུ་ ཕྱི་འབྲེལ་བློན་པོ་གིས་ཞུ་མི་ནང་ དངུལ་འབྲེལ་གཙུག་སྡེ་ཚུ་གི་ནང་ལས་ དངུལ་ཀྲམ་ཐོབ་མི་འདི་ སྐྱིན་འགྲུལ་དང་ སྣང་བྱིན་༢་ཆ་རང་ཚུད་དེ་ཡོདཔ་སྦེ་ཨིན་མས།

གཞུང་གིས་ སྐྱིན་འགྲུལ་ལེན་མི་གི་ཐད་ཁར་ མི་མང་ཤོས་ཅིག་གིས་རང་ ཚ་གྱང་ཚུ་ བཤད་སྲིད་ནི་ཨིན་རུང་ གཞུང་གི་ཁ་ཐུག་ལས་ སྐྱིན་འགྲུལ་ཚུ་ཡང་ སྐྱེད་ཀྱི་ཚད་གཞི་ཉུང་ཤོས་སྦེ་ ལེན་འོང་ཟེར་ཨིན་མས།