གཟའ་ཉི་མ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༡

ཆང་འཐུང་ནི་འདི་ ཚད་འཛིན་འབད་ནི་གི་དོན་ལུ་ བཅའ་ཁྲིམས་ཅིག་དགོ་པའི་སྐོར།

སྤྱི་ཟླ་༦ པའི་ཚེས་ ༥ ༢༠༡༩

༉ རྒྱལ་ཡོངས་ཚོགས་སྡེ་ནང་ལུ་ ད་རིས་ འཐུས་མི་ལ་ལུ་ཅིག་གིས་ ཆང་འཐུང་ནི་འདི་ ཚད་འཛིན་འབད་ནི་གི་དོན་ལུ་ བཅའ་ཁྲིམས་ཅིག་དགོ་པའི་སྐོར་ལས་ གྲོས་འདེབས་ཕུལ་ཡི།

འདི་ཡང་ ཚོགས་ཁང་འདི་གི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་འདི་ ཆང་ལོག་སྤྱོད་དང་འབྲེལ་བའི་ གནད་དོན་ཀྱི་ཐད་ཁར་ལྟ་རྟོག་འབད་མི་ ལས་སྡེ་གཙོ་བོ་ཅིག་སྦེ་བཞག་དགོ་པའི་སྐོར་ལས་ རྒྱབ་སྣོན་ཕུལ་མི་གུ་ གསུང་གྲོས་གནང་པའི་སྐབས་ རྒྱབ་སྣོན་ཕུལ་ཏེ་ཡོདཔ་ཨིན།

ཚོགས་ཆུང་འདི་གིས་ཞུ་མི་ནང་ ཆང་ལོག་སྤྱོད་དང་འབྲེལ་བའི་གནད་དོན་སེལ་ནི་གི་དོན་ལས་ སྤྱི་ལོ་༢༠༡༥ལས་༢༠༢༠གི་ རྒྱལ་ཡོངས་སྲིད་བྱུས་དང་ཐབས་བྱུས་ཞི་བཀོད་ནང་ལུ་ ལས་སྡེ་ལོག་སུ་སྦེ་རང་ གཞི་བཙུགས་འབད་དགོཔ་སྦེ་ཡོད་རུང་ ལག་ལེན་འཐབ་ནི་ནང་ལུ་ གདོང་ལེན་འབྱུང་སྟེ་འདུག་ཟེར་ཨིན་མས།

འདི་འབདཝ་ལས་ ཚོགས་ཆུང་འདི་གིས་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་འདི་ སྤྱིར་བཏང་གི་ལས་སྡེ་གཙོ་བོ་ཅིག་སྦེ་ ངོས་འཛིན་འབད་དགོཔ་སྦེ་ གྲོས་འདེབས་ཕུལ་ཡི།

ག་དེ་ཅིག་འབད་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་འདི་ ལས་སྡེ་གཙོ་བོ་ཅིག་སྦེ་བཟོ་བ་ཅིན་ ཁོང་གིས་ ཆང་དང་འབྲེལ་བའི་སྟབས་མ་བདེཝ་ཚུ་སེལ་ནི་གི་དོན་ལུ་ ཐབས་རིག་དང་ལག་ལེན་ དེ་ལས་ དུས་ཚོད་ཁ་ལུ་ བར་འཛུལ་ཚུ་འབད་དེ་ རྒྱལ་ཡོངས་ཀྱི་གནས་ཚད་ཁ་ལུ་ ལྟ་རྟོག་ཚུ་འབད་དགོཔ་མ་ཚད་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ཡུན་བརྟན་གྱི་ཐབས་ལམ་སྟོན་ནི་གི་དོན་ལུ་ བར་འཛུལ་འབད་བའི་ ཕན་གནོད་ཀྱི་བརྟག་ཞིབ་ཚུ་ཡང་ འགོ་འདྲེན་འཐབ་དགོ་ནི་ཨིན་མས།

ཨིན་རུང་ འཐུས་མི་ལ་ལུ་ཅིག་གིས་ཞུ་མི་ནང་ ཆང་དང་འབྲེལ་བའི་སྟབས་མ་བདེཝ་འདི་སེལ་ཐབས་ལུ་ ལས་སྡེ་ལོག་སུ་འབད་རང་གཞི་བཙུགས་འབད་བ་འདི་ བཅའ་ཁྲིམས་ཅིག་རང་ བཞེངས་པ་ཅིན་དྲག་ནི་མས་ཟེར་ཞུ་ཡི།

འདི་ལུ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་ ཁྱད་ལྡན་གྱི་འཐུས་མི་ བཀྲིས་དབང་མོ་གིས་ཞུ་མི་ནང་ བཅའ་ཁྲིམས་ཅིག་སྦེ་རང་བཞེངས་དགོ་པའི་གྲོས་འདེབས་འདི་ ཚོགས་ཆུང་གིས་ཁ་ཐུག་ལས་ ནང་འཁོད་ཀྱི་ཞལ་འཛོམས་ཚོགས་པའི་སྐབས་ལུ་ འོས་འབབ་ཚུ་བལྟ་གེ་ཟེར་ཞུ་ཡི།