གཟའ་ཉི་མ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༢

བལྟ་བཤལ་གྱི་དོན་ལས་ བཟའ་ཁང་ ལེ་ཤ་ཅིག་གིས་རང་རྐྱབ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༩

༉ ལོ་བསྟར་ཞིན་དུ་ རྒྱལ་ཁབ་ནང་ལུ་ བལྟ་བཤལཔ་བརྒྱ་ལས་བཅད་དེ་འོང་དོ་ཡོད་ས་ལས་ དམིགས་གསལ་ རྒྱ་གར་ལས་ ལུང་ཕྱོགས་ཀྱི་བལྟ་བཤལཔ་ འོང་མི་གི་གྱངས་ཁ་འདི་ ཡར་སེང་སོང་སྟེ་སྦེ་འདུག

 དེ་སྦེ་ བལྟ་བཤལ་གོང་འཕེལ་འགྱོ་མི་དང་ ཁྲལ་དགོངས་ཡངས་ལུ་བརྟེན་ཏེ་ ད་རེས་ནངས་པ་ མི་མང་ཤོས་ཅིག་གིས་རང་ བལྟ་བཤལ་གྱི་དོན་ལས་ བཟའ་ཁང་ ལེ་ཤ་ཅིག་གིས་རང་རྐྱབ་ཡོདཔ་མ་ཚད་ ད་རུང་ བཟའ་ཁང་བརྒྱ་ལས་བཅད་དེ་ བརྐྱབ་པའི་བསྒང་རང་ཡོདཔ་ཨིན་མས།

བཟའ་ཁང་ཚུ་ཡང་ མང་ཤོས་ཅིག་ བལྟ་བཤལཔ་ལེ་ཤ་སྦེ་འོང་སའི་ས་གནས་ ཐིམ་ཕུག་དང་སྤ་རོ་ སྤུ་ན་ཁ་དང་ བུམ་ཐང་གི་ས་གནས་ཚུ་ནང་ལུ་ མང་སུ་སྦེ་མཐོང་ཚུགས་དོ་ཡོདཔ་ད་ རྒྱལ་ས་ཐིམ་ཕུག་ལུ་ཡང་ བཟའ་ཁང་བརྒྱ་ལྷགཔ་ཅིག་ཡོདཔ་ཨིན་མས།

འབྲུག་བལྟ་བཤལ་ཚོགས་སྡེ་དང་འཁྲིལ་བ་ཅིན་ ད་རེས་ བལྟ་བཤལཔ་འོང་མི་གི་གྱངས་ཁ་འདི་ ཡར་སེང་སོང་སྟེ་རང་ཡོད་རུང་ བཟའ་ཁང་མངམ་སྦེ་རང་ཡོདཔ་ལས་ འཕྲལ་འཕྲལ་ བཟའ་ཁང་ཚུ་གི་ནང་དོ་ལུ་ དོ་འགྲན་འབད་དགོཔ་ཐོན་མི་འདི་གིས་ བཟའ་ཁང་གི་འཐུས་ཚུ་ མར་ཕབ་འབད་དགོཔ་ཐོན་ཏེ་འདུག་ཟེར་ཨིན་མས།

འདི་ལུ་བརྟེན་ཏེ་སྦེ་ ད་རེས་ ལུང་ཕྱོགས་བལྟ་བཤལཔ་ཚུ་གི་དོན་ལས་ འབྲུག་རྒྱལ་ཁབ་འདི་ ཟད་འགྲོ་ཁེ་བའི་ ས་གོ་ཅིག་ལུ་འགྱུར་ཏེ་ཡོདཔ་སྦེ་ཨིན་མས།

ད་རུང་ འབྲུག་བལྟ་བཤལ་ཚོགས་སྡེ་ནང་ལས་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་སླབ་མི་ནང་ ད་རེས་ དེ་སྦེ་བཟའ་ཁང་ལེ་ཤ་ཅིག་རང་བརྐྱབ་པའི་བསྒང་ཡོད་མི་འདི་གིས་ ཕན་ཐོགས་དང་གནོད་པ་ ག་དེ་སྦེ་འོང་ག་ སླབ་མ་ཤེསཔ་ཨིན་རུང་ བལྟ་བཤལ་ཚོགས་སྡེའི་ཧོང་ལས་ ཞིབ་འཇུག་ཚུ་འབད་དེ་ ལམ་སྟོན་བྱིན་འོང་ཟེར་ཨིན་མས།

ད་རེས་ ལག་ལེན་འཐབ་སྟེ་ཡོད་མི་བཟའ་ཁང་ཚུ་དང་ ད་ལྟོ་བརྐྱབ་པའི་བསྒང་ཡོད་མི་བཟའ་ཚུ་ནང་ལུ་ བལྟ་བཤལཔ་ཚུ་གི་གང་སྟེ་ སྡོད་ཚུགསཔ་སྦེ་བཟོ་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ཧོང་ལས་ རྒྱལ་སྤྱི་གི་བལྟ་བཤལ་གོང་འཕེལ་གཏང་ནི་ནང་ལུ་ གཙོ་རིམ་བཟུང་དགོཔ་འདི་ ཁག་ཆེཝ་ཅིག་སྦེ་ཡོདཔ་ཨིན་མས།