གཟའ་ཉི་མ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༢

ཤར་ནུབ་ཀྱི་གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་བརྒྱ་ཆ་༩༦དེ་ཅིག་མཇུག་བསྡུ་སྟེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༩

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ནང་ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་གཞུང་ལམ་ རྒྱ་སྐྱེད་ཀྱི་ལཱ་འདི་ ཡུདཔ་ཅིག་བརྒྱ་ཆ་༩༦ དེ་ཅིག་རང་ མཇུག་བསྡུ་སྟེ་ཡོདཔ་སྦེ་ གསལ་ཞུ་ཕུལ་ཡི།

བློན་པོ་གིས་ཞུ་མི་ནང་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ ནམ་མཇུག་བསྡུ་འོང་ག་ གཏན་གཏན་སྦེ་མ་ཞུ་རུང་ ལྷན་ཁག་གིས་ཁ་ཐུག་ལས་ ལཱ་འདི་ ག་དེ་མགྱོགས་མགྱོགས་ མཇུག་བསྡུ་ཚུགསཔ་སྦེ་འབད་ནི་ནང་ལུ་ རྩ་འགེངས་ཏེ་ འབད་དོ་ཡོདཔ་སྦེ་ཞུ་ཡོདཔ་ཨིན།

འདི་ཡང་ ཤར་དང་ནུབ་ཀྱི་བར་ནའི་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ ཚར་ལེ་ཤ་ཅིག་རང་ དུས་ཚོད་ཁ་ལུ་ མཇུག་བསྡུ་མ་ཚུགས་པར་ ཕར་ཕུད་རྐྱབ་དགོཔ་ཐོན་ཏེ་ཡོདཔ་ཨིན་མས།

བཀྲིས་སྒང་ བར་མཚམས་ཤོང་ཕུག་འདེམས་ཁོངས་ཀྱི་འཐུས་མི་ མཁས་དབང་པ་སངས་ཀྱིས་ ཞབས་ཏོག་བློན་པོ་ལུ་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འབད་ནི་འགོ་བཙུགས་ཏེ་ ད་རེས་འབདཝ་ད་ ལོ་༦ ལང་སྟེ་ཡོདཔ་ཨིན་རུང་ ད་རུང་རང་ ལཱ་ཚུ་མཇུག་བསྡུ་བ་ ལོ་དག་པ་ཅིག་འགོར་ནི་བཟུམ་ཅིག་འདུག་ཟེར་ཞུ་ཡི།

འདི་ལུ་ ཞབས་ཏོག་བློན་པོ་གིས་ གཞུང་གི་ཧོང་ལས་ ཡོདཔ་དང་མེད་པའི་བར་ནའི་ཁྱད་པར་ ཉུང་སུ་སྦེ་བཟོ་ནི་གི་དོན་ལུ་ འཁོལ་ལམ་གྱི་ལས་འགུལ་ཚུ་ལུ་ གཙོ་བོར་བསྟེན་ཏེ་ཡོད་ཟེར་ཨིནམ་ད་ རྒྱལ་ཁབ་ནང་འཁོད་ཀྱི་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་ཚུ་ཡང་ ག་དེ་མགྱོགས་མགྱོགས་ གྲུབ་ཚུགསཔ་སྦེ་འབད་ནི་ནང་ གཙོ་བོར་བསྟེན་དོ་ཟེར་ཞུ་བ་ཕུལ་ཡོདཔ་ཨིན།