གཟའ་ཉི་མ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༢

འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་གྱི་ཐད་ཁར་ གཞུང་སྐྱོང་གི་བཟོ་བཀོད་འདི་ ལེགས་སྒྱུར་འབད་དགོ་པའི་རྒྱབ་སྣོན།

སྤྱི་ཟླ་༥ པའི་ཚེས་ ༢༩ ༢༠༡༩

༉ རྒྱལ་ཡོངས་ཚོགས་སྡེའི་ དམིགས་བསལ་ཚོགས་ཆུང་གིས་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་གྱི་ཐད་ཁར་ གཞུང་སྐྱོང་གི་བཟོ་བཀོད་འདི་ ལེགས་སྒྱུར་འབད་དགོ་པའི་སྐོར་ལས་ རྒྱབ་སྣོན་འབད་དེ་འདུག

 ཚོགས་ཆུང་འདི་གིས་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་གྱི་ཐད་ཁར་ ཁོང་རའི་མཐའ་དཔྱད་ཀྱི་བསྐྱར་ཞིབ་སྙན་ཞུ་འདི་ ད་རེས་ གསལ་ཞུ་ཕུལ་ཏེ་ཡོདཔ་ཨིན།

ལོ་༥འཆར་གཞི་༡༢པའི་ནང་ལུ་ ལས་གཡོག་ལྷན་ཁག་གི་འཆར་དངུལ་མང་ཤོས་ཅིག་རང་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་ལས་སྡེ་ལུ་ བགོ་བཀྲམ་འབད་དེ་འདུག

ཚོགས་ཆུང་འདི་གིས་འབད་བ་ཅིན་ གཞུང་སྐྱོང་གི་བཟོ་བཀོད་ལེགས་སྒྱུར་ཟེར་མི་འདི་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་ཚོགས་སྡེ་དང་ རྒྱལ་ཡོངས་འཕྲུལ་རིག་ཤེས་ཡོན་སྤེལ་ཁང་ དེ་ལས་ རིག་རྩལ་ལྡན་པའི་ལས་སྡེ་ཚོགས་སྡེ་ཚུ་ གཞི་བཙུགས་འབད་ནི་འདི་ཨིན་མས།

ལས་གཡོག་ལྷན་ཁག་གི་འོག་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་ཚོགས་སྡེ་གིས་ ལས་སྡེ་གོང་འཕེལ་བཏང་ནི་གི་དོན་ལུ་ སྲིད་བྱུས་ཆ་ཚང་གི་བཀོད་རྒྱ་ཚུ་ བྱིན་ཚུགས་ནི་ཨིན་མས།

འདི་བཟུམ་སྦེ་ རྒྱལ་ཡོངས་འཕྲུལ་རིག་ཤེས་ཡོན་སྤེལ་ཁང་གིས་འབད་བ་ཅིན་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་ལས་སྡེ་གི་དོན་ལུ་ ཞིབ་འཚོལ་དང་གསར་བཏོད་ དེ་ལས་ བཟོ་གྲྭ་འབྲེལ་མཐུན་བཟུམ་གྱི་ ཁྱད་རིག་གོང་འཕེལ་གྱི་ཞབས་ཏོག་ཚུ་བྱིན་ནི་ནང་ ཕན་ཐོགས་འབྱུང་ནི་ཨིན་མས།

ད་རུང་ རིག་རྩལ་ལྡན་པའི་ ལས་སྡེ་ཚོགས་སྡེ་གཞི་བཙུགས་འབད་མི་འདི་གིས་ ལཱ་གཡོག་ཐོབ་ནི་གི་དོན་ལུ་ དགོཔ་ཡོད་པའི་རིག་རྩལ་ངོས་འཛིན་འབད་ནི་དང་ ཐབས་བྱུས་བརྩམ་ནི་ནང་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།

 འདི་བཟུམ་སྦེ་ དམིགས་བསལ་ཚོགས་ཆུང་གི་སྙན་ཞུ་འདི་གིས་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་གི་སློབ་སྟོན་པ་དང་ སྦྱོང་བརྡར་བྱིན་མི་ཚུ་གི་ ཁྱད་རིག་ཡར་དྲག་བཏང་དགོ་པའི་སྐོར་ལས་ཡང་ རྒྱབ་སྣོན་འབད་དེ་འདུག

ད་རུང་ ད་རེས་ཡོད་པའི་ འཕྲུལ་རིག་གི་ཆོས་ཚན་དང་རྩ་གཞུང་ཚུ་ཡང་ སྣ་ཚོགས་སྦེ་བཟོ་དགོ་པའི་སྐོར་ལས་ཡང་ རྒྱབ་སྣོན་འབད་དེ་ཡོདཔ་ཨིན།

ཚོགས་ཆུང་འདི་གིས་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ལེན་ཏེ་ ད་རེས་ཡོད་པའི་ བཟོ་གྲྭ་གི་འབྲེལ་མཐུན་ཚུ་ ཧེང་སྐལ་རང་ ཡར་དྲག་བཏང་བཞིན་ན་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་ལས་སྡེ་ལུ་ རྒྱབ་སྐྱོར་འབད་དགོ་པའི་སྐོར་ལས་ཡང་ གྲོས་འདེབས་ཕུལ་ཏེ་འདུག

ད་རུང་ འཐུས་མི་ཚུ་གིས་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་སྤེལ་ཁང་ནང་ལུ་ ན་གཞོན་ལེ་ཤ་སྦེ་ འཛུལ་བཅུག་ནི་གི་དོན་ལུ་ ལས་སྡེ་འདི་གིས་ ཕྱི་རྒྱལ་ཁབ་ཀྱི་སྤེལ་ཁང་ཚུ་དང་ཡང་ འབྲེལ་མཐུན་བཟོ་དགོ་པའི་སྐོར་ལས་ཡང་ རྒྱབ་སྣོན་འབད་དེ་འདུག

འདི་ཡང་ ན་གཞོན་ལེ་ཤ་ཅིག་གིས་རང་ སྦྱོང་བརྡར་འདི་ལུ་ དང་འདོད་བསྐྱེད་ནི་དོན་ལུ་དང་ འཕྲུལ་རིག་གསརཔ་ཚུ་གི་སྐོར་ལས་ དུས་མཐུན་གྱི་སྦྱོང་བརྡར་བྱིན་ཚུ་ ལེགས་ཤོམ་སྦེ་བྱིན་ནི་གི་ཐབས་ལུ་ ཨིནམ་སྦེ་ཞུ་ཡི།

རྒྱལ་ཡོངས་སཚོགས་སྡེ་གིས་ འཕྲུལ་རིག་དང་ལག་བཤེལ་ཤེས་ཡོན་སྦྱོང་བརྡར་གྱི་བསྐྱར་ཞིབ་ཀྱི་སྙན་ཞུ་གུ་  ནངས་པ་འཕྲོ་མཐུད་དེ་རང་ གསུང་གྲོས་གནང་ནི་ཨིན་མས།