ལུང་ཕྱོགས་བལྟ་བཤལཔ་གི་དོན་ལས་ འཛུལ་སྒོ་གསརཔ་ལྔ་བཟོ་ནི་འདི་ དུས་ཡུན་ཨ་ཙི་འགོར་ནི་ཨིནམ།
སྤྱི་ཟླ་༥ པའི་ཚེས་ ༢༨ ༢༠༡༩
༉ རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཚོགས་གསུམ་པའི་ཚོགས་ཐེངས་དང་པའི་སྐབས་ལུ་ ལུང་ཕྱོགས་བལྟ་བཤལཔ་གི་དོན་ལས་ འཛུལ་སྒོ་༥བཟོ་ནི་སྦེ་ ཆ་འཇོག་གནང་སྟེ་ཡོད་མི་འདི་ ལག་ལེན་འཐབ་པ་ལུ་ དུས་ཡུན་ཨ་ཙི་འགོར་ནི་ཨིན་མས།
ནང་སྲིད་དང་སྲོལ་འཛིན་བློན་པོ་ དྲག་ཤོས་ ཤེས་རབ་རྒྱལ་མཚན་གྱས་ཞུ་མི་ནང་ གནད་དོན་འདི་གི་ཐད་ཁར་ ལྷན་ཁག་གིས་ ཞིབ་འཚོལ་ཚུ་འབད་དེ་ གནས་སྟངས་ཚུ་ བལྟ་བའི་བསྒང་རང་ཡོད་ཟེར་ཞུ་ཡི།
འདི་ལུ་ འཐུས་མི་རེམ་གཉིསམ་གིས་བཀོད་མི་ནང་ གནད་དོན་འདི་ ལག་ལེན་འཐབ་མ་ཚུགས་པར་ལུས་ཏེ་ཡོད་མི་ལུ་ སེམས་དང་མ་ལྡན་པའི་སྐོར་ལས་ ཞུ་བ་ཡི།
འདི་ཡང་ འདས་པའི་ཚོགས་ཐེངས་ཀྱི་སྐབས་ལུ་ འཛུལ་སྒོ་༥བཟོ་ནི་སྦེ་ ཆ་འཇོག་གནང་འབདཝ་ཅིག་རང་ མི་ཚུ་གིས་ ཁོང་རའི་ བལྟ་བཤལ་ལས་སྡེ་ཚུ་ བཙུགས་ནི་གི་དོན་ལས་ ལས་ཚུ་འབད་ཡོདཔ་མ་ཚད་ སྣུམ་འཁོར་ཚུ་ཡང་ ཉོ་སྟེ་ཡོདཔ་ཨིན་རུང་ ཟད་འགྲོ་ལེ་ཤ་ཅིག་རང་བཏང་པའི་ཤུལ་ལུ་ གཞུང་གིས་ འཆར་གཞི་འདི་ལག་ལེན་འཐབ་ནི་ནང་ གྲ་སྒྲིག་མེདཔ་ཞུ་མས་ཟེར་ཨིན་མས།
ད་རུང་ ཁོང་གིས་ཞུ་མི་ནང་ གཞུང་གིས་ ཁོང་རའི་ཞིབ་འཚོལ་ཚུ་ དུས་ཚོད་ནམ་འབད་ཚར་འོང་ག་ ཏན་ཏན་མེདཔ་ལས་ དབུགས་འགམ་སི་སི་ཅི་ཨིན་མས་ཟེར་ཞུ་ཡི།
འདི་བཟུམ་སྦེ་ གནད་དོན་འདི་གི་ཐད་ཁར་ ཧེ་མའི་ཚོགས་ཐེངས་ཀྱི་སྐབས་ལུ་ ཆ་འཇོག་འབད་དེ་ཡོདཔ་ལས་ ད་རེས་ བསྐྱར་ཞིབ་དང་ ཞིབ་འཚོལ་འབད་དོ་ཡོད་པའི་སྐོར་ལས་ཞུ་མི་འདི་ འོས་འབབ་མེདཔ་ལས་ ད་རེས་ ལག་ལེན་འཐབ་ནི་འགོ་བཙུགས་དགོཔ་ཅིན་ཨིན་ཟེར་ཞུ་ཡི།
འདི་ལུ་ གཞུང་གིས་བཀོད་མི་ནང་ འཆར་གཞི་འདི་ ནམ་ལག་ལེན་འཐབ་ནི་ཨིན་ན་ ཚེས་གྲངས་གཏན་ཁེལ་ཅིག་མ་འབྱུང་རུང་ གཞུང་གིས་ ཁོང་རའི་གནས་ཡུན་མ་ཚངམ་ལས་རང་ ལག་ལེན་འཐབ་འོང་ཟེར་ཞུ་ཡི།
ལུང་ཕྱོགས་བལྟ་བཤལཔ་གི་དོན་ལས་ འཛུལ་སྒོ་གསརཔ་ལྔཔ་འདི་ཡང་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ བསམ་རྩེ་དང་ངང་ལམ་ དེ་ལས་ སྤན་བང་ཚུ་ཨིན་མས།







རྒྱང་བསྒྲགས་དང་མཐུད་འབྲེལ།