གཟའ་པ་སངས། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༧

སློབ་རིམ་༡༢ པའི་ཆོས་རྒྱུགས་ཀྱི་གྲུབ་འབྲས་འདི་ གསལ་བསྒྲགས་འབད་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༠ ༢༠༡༩

༉ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ རྟགས་ཞིབ་ཚོགས་སྡེ་གིས་ ཁ་ཙ་ རྒྱལ་ཁབ་ནང་འཁོད་ཀྱི་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༢ པའི་ཆོས་རྒྱུགས་ཀྱི་གྲུབ་འབྲས་འདི་ གསལ་བསྒྲགས་འབད་ཡོདཔ་ཨིན།

ཚན་རིག་གི་ཆོས་ཚན་ནང་ལུ་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་ནང་ལས་ ཚེ་རིང་དབང་མོ་གིས་ སྐུ་ཚད་བརྒྱ་ཆ་༩༡ ཐོབ་སྟེ་ ཨང་དང་པ་ཐོན་ཡོད་ཨིན།

ཨང་གཉིས་པ་འདི་ བསམ་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ལས་ རྟ་མགྲིན་རྡོ་རྗེ་ཨིནམ་དང་ ཁོ་གིས་ སྐུ་ཚད་བརྒྱ་ཆ་༩༠ ཐོབ་ཡོདཔ་ཨིན་མས།

དེ་ལས་ ཨང་གསུམ་པ་འདི་ཡང་ བསམ་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ལས་ ཇུ་བཱན་རཱ་ན་གིས་ སྐུ་ཚད་བརྒྱ་ཆ་༨༩ དང་ཚག་༢༥ ཐོབ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཚོང་རིག་གི་ཆོས་ཚན་ནང་ལུ་ཡང་ ཨང་དང་པ་འདི་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་ནང་ལས་ རྣམ་རྒྱལ་དཔལ་མོ་གིས་ སྐུ་ཚད་བརྒྱ་ཆ་༩༠ དང་ཚག་༢༥ ཐོབ་ཡོདཔ་དང་ ཨང་གཉིས་པ་དང་གསུམ་པ་འདི་ དབྱངས་ཅན་ཕུག་ འབྲིང་རིམ་སློབ་གྲྭ་གོང་མའི་ནང་ལས་ དངོས་གྲུབ་ཡེ་ཤེས་དང་ སི་ཇཱལ་ཆེ་ཏི་རི་གིས་ཐོབ་ནུག

ནང་རིག་ཆོས་ཚན་ནང་ལུ་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ལས་ བདེ་སྐྱིད་འཚོ་མོ་གིས་ སྐུ་ཚད་བརྒྱ་ཆ་༨༣ དང་ཚག་༧༥ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་དང་ ཨང་གཉིས་པ་དང་གསུམ་པ་འདི་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་ནང་ལས་ སངས་རྒྱས་དོན་གྲུབ་ཚེ་རིང་དང་ བདེ་མཆོག་དབང་མོ་གིས་ཐོབ་ནུག

འདི་བཟུམ་སྦེ་ རྫོང་ཁག་གི་དབྱེ་ཁག་ནང་ལུ་ ཨང་དང་པ་འདི་ སྡེ་སྲིད་སློབ་གྲྭ་ཆེ་བའི་ནང་ལས་ ཚེ་རིང་རྡོ་རྗེ་གིས་ སྐུ་ཚད་བརྒྱ་ཆ་༧༨ དང་ཚག་༢༥ ཐོབ་ཡོདཔ་དང་ ཨང་གཉིས་པ་དང་གསུམ་པ་འདི་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ལས་ འཇིགས་མེད་བཟང་མོ་དང་ ནོར་བུ་དབང་འདུས་ཀྱིས་ཐོབ་ནུག

སྤྱི་ལོ་༢༠༡༨ ཀྱི་ལོ་ལུ་ འབྲིང་རིམ་སློབ་གྲྭ་གོང་མ་༥༩ ནང་ལས་ སློབ་ཕྲུག་བསྡོམས་༡༠༦༤༨ གིས་ ཆོས་རྒྱུགས་ཚུ་བཀལ་ཡོདཔ་སྦེ་ཨིནམ་དང་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ཚུ་ཡང་ གློག་རིག་ཡོངས་འབྲེལ་ www.bcsea.bt ནང་ལས་དང་ འགྲུལ་འཕྲིན་ ཨེས་ཨེམ་ཨེས་ཀྱི་ཐོག་ལས་ཡང་ ཐོབ་ཚུགས་ནི་ཨིན་མས།