གཟའ་ཟླ་བ། ༢༠༡༩ ཟླ་༥ པའི་སྤྱི་ཚེས་༢༦

གྲོང་སྡེ་ནགས་ཚལ་གྱི་འཐུས་མི་ཚུ་ལུ་ ནང་ཆས་བཟོ་ནི་གི་ སྦྱོང་བརྡར་ལས་རིམས།

སྤྱི་ཟླ་༡ པའི་ཚེས་ ༡༡ ༢༠༡༩

༉ བུམ་ཐང་རྫོང་ཁག་ ཆུ་མིག་ལུ་ གྲོང་སྡེ་ནགས་ཚལ་ཚུ་གི་ནང་ལས་ ཤིང་བཙོང་ནི་གི་ཐབས་ལམ་སོར་ནི་དང་ ས་གནས་ནང་གི་མི་སེར་ཚུ་གིས་ འཚོ་བའི་གནས་སྟངས་ཚུ་ ཡར་དྲག་བཏང་ནི་གི་དོན་ལུ་ ཤིང་ལས་བརྟེན་པའི་ ནང་ཆས་ཚུ་བཟོ་ནི་གི་ སྦྱོང་བརྡར་ཅིག་བྱིན་པའི་ བསྒང་རང་འདུག

སྦྱོང་བརྡར་ལས་རིམ་ནང་ལུ་ རྫོང་ཁག་༨ཀྱི་ནང་ལས་ གྲོང་སྡེ་ནགས་ཚལ་གྱི་འཐུས་མི་ ཕོ་སྐྱེས་༢༠གིས་ གྲལ་ཁར་གཏོགས་དོ་ཡོདཔ་ཨིན་མས།

སྦྱོང་བརྡར་ལས་རིམ་འདི་ཡང་ འདས་པའི་བདུན་ཕྲག་ནང་ལས་འགོ་བཙུགས་ཡོདཔ་ད་ ད་ལྟོ་ཚུན་ཚོད་ ཁོང་ཆ་ཁྱབ་ཀྱིས་ ལག་ཆས་བདག་འཛིན་འཐབ་ཐངས་དང་ ཤིང་མཐུད་ཐངས་ཀྱི་གཞི་རྟེན་རིག་རྩལ་ དེ་ལས་ ལག་ཆས་ལག་ལེན་འཐབ་ཐངས་ཚུ་གི་སྐོར་ལས་ སྟོན་འབྱིན་ནུག

 སྦྱོང་བརྡར་འདི་ནང་ལུ་ བཅའ་མར་གཏོགས་མི་ཚུ་གིས་སླབ་མི་ནང་ སྦྱོང་བརྡར་འདི་ལས་བརྟེན་ཏེ་ ད་རེས་ཤིང་དུམ་གཅིག་བཙོང་མི་གིས་ འོང་འབབ་དངུལ་སྟོང་ཕྲག་༥་ལས་བརྒལ་ འཐོབ་མ་ཚུགས་མི་འདི་ ནང་ཆས་ཚུ་བཟོ་སྟེ་བཙོང་པ་ཅིན་ འོང་འབབ་གཉིས་ལྟབ་གསུམ་ལྟབ་སྦེ་ བཟོ་ཚུསག་པའི་ ཁེ་ཕན་འབྱུང་ཚུགས་ནི་མས་ཟེར་བཤད་ཅི།

འདི་བཟུམ་སྦེ་ སྦྱོང་བརྡར་ནང་གྲལ་ཁར་གཏོགས་མི་ ན་གཞོན་ཚུ་གིས་འབད་བ་ཅིན་ ལས་རིམ་འདི་ལས་བརྟེན་ཏེ་ གནས་སྐབས་དང་ རིག་རྩལ་ལེ་ཤ་ཅིག་རང་འཐོབ་དོ་ཡོདཔ་ལས་ མ་འོངས་པའི་ནང་ ལཱ་གཡོག་འཚོལ་མ་དགོ་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་བཤད་ཅི།

ཁོང་བཅའ་མར་གཏོགས་མི་ཚུ་གིས་ ད་རེས་ ཤིང་ལས་བརྟེན་པའི་ནང་ཆས་དག་པ་ཅིག་ཡང་ བཟོ་ནི་འགོ་བཙུགས་ཏེ་ཡོད་མི་དང་འབྲེལ་ སྦྱོང་བརྡར་མཇུག་བསྡུ་བའི་བསྒང་ལས་ ཁོང་ཆ་ཁྱབ་ཀྱིས་ ཅོག་ཙེ་དང་སྡོད་ཁྲི་ དེ་ལས་ བང་སྒྲོམ་ཚུ་ཡང་ བཟོ་ཚུགས་ནི་ཨིན་མས།
སྦྱོང་བརྡར་ལས་རིམ་འདི་ཡང་ ད་རེས་ཀྱི་ཟླཝ་མཇུག་བསྡུ་ཁམས་གཅིག་ཁར་ མཇུག་བསྡུ་ནི་གི་ལས་རིམ་འདུག