གཟའ་ལྷག་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༢

སྤུ་ན་ཁ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཕོ་སྐྱེས་གཅིག་ལུ་ལོ་ ༣༠ གི་བཙོན་ཁྲིམས།

སྤྱི་ཟླ་༡༡ པའི་ཚེས་ ༢༣ ༢༠༡༨

༉ སྤུ་ན་ཁ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ སྐྱེས་ལོ་ ༢༩ ལང་མི་ ཕོ་སྐྱེས་གཅིག་ལུ་ སྐུ་སྲུང་ཐུགས་རྟེན་ཨརཝ་བརྐུ་མི་དང་ ཅ་རྙིང་ཚུ་བཙོངས་འཐབ་ཡོད་པའི་ཉེས་པ་ལུ་བརྟེན་ འདས་པའི་གཟའ་ལྷགཔ་གི་ཚེས་ བཙོན་ཁྲིམས་ལོ་༣༠ གི་ འཁྲུན་ཆོད་བཏོན་ཏེ་འདུག

ཉེས་ཅན་དེ་ཡང་ སྤུ་ན་ཁ་ དགོན་ཤ་རི་ལུ་ཡོད་པའི་ སྣང་གསལ་དགོན་པའི་ནང་ལུ་ ཧེ་མ་ དགེ་སློང་སྦེ་སྡོད་ཡོདཔ་ད་ ཁོ་གིས་ ན་ཧིང་ དགོན་པ་དེ་ནང་ལུ་ ཚར་གཉིས་སོང་ཞིནམ་ལས་ སྟོན་པ་ཤཱཀྱ་ཐུབ་པའི་ སྐུ་འདྲ་ ༢ དང་ བྱུ་རུ་ ༢ དེ་ལས་ གོས་ཆེན་དྲ་དུམ་ ༡ དང་ གཟི་སྐྱོན་ཅན་མིག་ཏོ་གཉིསམ་ ༡ བཅས་ ཨརཝ་བརྐུ་ནུག་ཟེར་ཨིན་མས།

འཁྲུན་ཆོད་དང་འཁྲིལཔ་ད་ ཉེས་ཅན་དེ་གིས་ དགོན་པ་དེ་ནང་གི་དཀོན་གཉེར་དེ་ གོ་ལ་འཁྱུ་སྡོད་པའི་སྐབས་ལུ་དང་ ཤུལ་ལས་ གཉིད་ལོག་སྡོད་པའི་བར་ན་ ལྡེ་མིག་འཐུ་འབག་ཞིནམ་ལས་ ནང་རྟེན་བཞག་སའི་བང་སྒྲོམ་ཁ་ཕྱེ་སྟེ་ ཅ་ཆས་ཚུ་ བཏོན་འབག་ནུག་ཟེར་བཀོད་དེ་འདུག

ཨིན་རུང་ ཨརཝ་ཤོར་ཡོད་པའི་ནང་རྟེན་ཚུ་ཡང་ ལོག་ཐོབ་པའི་ཤུལ་ལས་ སྣང་གསལ་དགོན་པའི་བླམ་དང་ དཀོན་གཉེར་གཉིས་ལུ་ ལོག་སྩིས་སྤྲོད་ཡོདཔ་ཨིན་མས།

ཉེས་ཅན་དེ་གིས་ ཨརཝ་བརྐུ་ཡོད་པའི་ནང་རྟེན་ཚུ་ཡང་ ཧཱ་ལས་ སྐྱེས་ལོ་ ༣༤ ལང་མི་ ཕོ་སྐྱེས་ཅིག་གིས་ ཉོ་སྟེ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཧེ་མ་ ཁྲིམས་ཀྱི་འདུན་ས་ལུ་ རྩོད་བཤེར་བཙུགས་པའི་སྐབས་ལུ་ ནང་རྟེན་ཨརཝ་བརྐུ་མི་དང་ ཉོ་མི་གཉིས་ཆ་རང་ལུ་ ཉེས་འཛུགས་བཀལ་ཡོདཔ་ཨིན་མས།

ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཁ་ཐུག་ལས་ མི་ངོམ་དེ་གིས་ ནང་རྟེན་ཚུ་ཉོ་བའི་སྐབས་ ཨརཝ་བརྐུ་བའི་ཅ་ཆས་ཚུ་ཨིནམ་ ཤེས་ཅི་མཐོང་ཅི་རང་ ཉོ་ཡོད་པའི་ ར་ཁུངས་བསྐྱལ་ནི་མེདཔ་ལས་  ཁྲིམས་ཀྱི་འདུན་ས་ལས་ ཁོ་ལུ་ ཉེས་ཁྲིམས་མ་ཕོག་པའི་འཁྲུན་ཆོད་བཏོན་ནུག