གཟའ་ཉི་མ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༦

འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱའི་ཨ་ལུའི་མ་དངུལ་གྱིས་ ལེགས་སྨོན་སྐུ་ཚབ་བསྐོས་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༡ ༢༠༡༨

༉ ད་རིས་ འཛམ་གླིང་ཨ་ལུའི་ཉིནམ་དང་འབྲེལ་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱའི་ཨ་ལུའི་མ་དངུལ་གྱིས་ ཞབས་ཁྲ་བརྩམ་མིི་དང་སྐད་འཐེན་མི་ ན་གཞོན་བསོད་ནམས་དབང་ཆེན་འདི་ འབྲུག་པའི་ན་གཞོན་ཚུ་གི་ལེགས་སྨོན་སྐུ་ཚབ་འགོ་དང་པ་ཅིག་སྦེ་བསྐོས་ནུག

ཁོ་གིས་ སྐུ་ཚབ་སྦེ་ཕྱག་ཞུ་བའི་སྐབས་ལུ་ ན་གཞོན་ཚུ་ དོན་དག་ཡོད་པའི་ལས་རིམ་ཚུ་ནང་འབྲེལ་གཏོགས་འབད་བཞག་ནི་གི་དོན་ལུ་ ཞབས་ཁྲ་འཐེན་ནི་གི་རིག་རྩལ་ཚུ་ ལག་ལེན་འཐབ་ནི་དང་ ན་གཞོན་ཚུ་ལུ་ ཁོང་རའི་གདོང་ལེན་འབྱུང་མི་ཚུ་ གདོང་བརྫངས་ཏེ་སླབ་བཅུག་ནི་ནང་ལུ་ དབང་ཆ་བྱིན་ནི་ཨིན་མས།

སྐྱེས་ལོ་༡༦ལང་མི་ བསོད་ནམས་དབང་ཆེན་འདི་ ད་རེས་ སྤུ་ན་ཁ་ལུ་ཡོད་པའི་ ཨོ་རྒྱན་རིག་པའི་འབྱུང་གནས་སློབ་གྲྭ་ནང་ལུ་ སློབ་རིམ་༡༡པའི་ནང་ ཆོ་བལྟ་བའི་བསྒང་རང་ཨིན་མས།

འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱའི་ཨ་ལུའི་མ་དངུལ་ནང་ལས་ འབྲུག་པའི་གཞུང་ཚབ་ རུ་ཌོལཕོ་ཤོ་ཝེངཀ་གིས་སླབ་མི་ནང་ ལེགས་སྨོན་སྐུ་ཚབ་འདི་གིས་ འབྲུག་པའི་ན་གཞོན་ཚུ་ མེདཔ་འགྱོ་དོ་ཡོད་མིའི་གནད་དོན་ཚུ་ལུ་ གཙོ་རིམ་བཟུང་ཞིནམ་ལས་ ན་གཞོན་ཚུ་དང་གཅིག་ཁར་ ལཱ་འབད་དེ་ ཁོང་ཆ་ཁྱབ་ཀྱི་མི་ཚེ་ནང་ འགྱུར་བ་འབག་འོང་བཅུག་སྟེ་ མི་སྡེ་ནང་ལེགས་ཤོམ་བཟོ་ནི་འདི་ཨིན་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ གཞོན་གྱི་ལེགས་སྨོན་སྐུ་ཚབ་བཙུགས་ནི་འདི་ ལམ་ལུགས་གསརཔ་ཅིག་ཨིན་རུང་ གནད་དོན་འདི་གི་སྐོར་ལས་ ཁོ་དང་ཁོ་རའི་ཕམ་གཉིས་དང་གཅིག་ཁར་ བསྟུན་གྲོས་འབད་བའི་སྐབས་ ངོས་ལེན་འབད་མི་འདི་ལུ་ སེམས་དགའ་སྟེ་ཡོདཔ་སྦེ་ཨིན་མས།

 ད་རེས་ འབྲུག་པའི་ཨ་ལུ་དང་ན་གཞོན་མང་ཤོས་ཅིག་གིས་རང་ ཡོངས་འབྲེལ་དཀྲོགས་དོ་ཡོད་མི་དང་འབྲེལ་ འདི་གི་ཁེ་ཕན་དང་གོ་སྐབས་ཚུ་གིས་མ་དོ་བར་ ཉེན་ཁ་དང་གནོད་པ་ཚུ་ཡང་ཡོདཔ་ཨིན་མས།

བསོད་ནམས་འདི་ ན་གཞོན་གྱི་ལེགས་སྨོན་སྐུ་ཚབ་ཅིག་འབདཝ་ལས་ ཁོ་གིས་ གཞན་མི་འབྲུག་པའི་ན་གཞོན་རྒྱབ་སྐྱོར་པ་ སྟོང་ཕྲག་ལས་བཅད་མི་ཚུ་དང་གཅིག་ཁར་ ཨ་ལུའི་དབང་ཆ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་སྤེལ་ནི་ཨིན་མས།

ད་རིས་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱའི་ཨ་ལུའི་མ་དངུལ་གྱིས་ འཛམ་གླིང་ནང་ལུ་ ན་གཞོན་གྱི་ལེགས་སྨོན་སྐུ་ཚབ་ཚུ་ཡང་བསྐོས་ནུག