གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདག་རྐྱེན་གནང་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༧ ༢༠༡༨

༉ ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཙག་འཐུ་གྲུབ་སྟེ་ཡོད་པའི་ སྤྱི་ཚོགས་༣པའི་ གཞུང་དོན་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ དེ་ལས་ ཚོགས་དཔོན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་ལུ་ བདག་རྐྱེན་གནང་ཡོདཔ་ཨིན།

ད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚོགས་དཔོན་དང་ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་ལུ་ ན་བཟའ་ལི་ཝང་གནང་ཡོདཔ་ཨིན།

ད་ལས་ཕར་ ལོ་ངོ་ལྔའི་རིང་ དྲོག་ཊར་ བློ་གྲོས་ཚེ་རིང་གིས་ འབྲུག་གི་བློན་ཆེན་གྱི་ བདག་རྐྱེན་ཞུ་ཡོདཔ་དང་ ཁོ་གིས་ སྤྱི་ལོ་༢༠༡༤ ལས་ མི་དབང་མངའ་ཞབས་མཆོག་གི་ སྐྱིད་སྡུག་སྨན་བཅོས་སྡེ་ཚན་གྱི་འགོ་ཁྲིད་འབད་དེ་ཡོདཔ་ཨིན།

མི་དབང་མངའ་ཞབས་མཆོག་གིས་ དྲོག་ཊར་ བློ་གྲོས་ཚེ་རིང་འདི་ ཧེ་མའི་ཟླཝ་གི་སྤྱི་ཚེས་༢༩ ལུ་ བློན་ཆེན་གསར་བསྐོས་ཀྱི་ བཀའ་ཤོག་གནང་ཡོདཔ་ཨིན།

ལྷན་རྒྱས་ཚུ་གི་གྲལ་ལས་ མོང་སྒར་ལས་ སྐྱེས་ལོ་༦༣ ལང་ཡོད་མི་ ཤེས་རབ་རྒྱལ་མཚན་གྱིས་ ད་ལས་ཕར་ ཁོ་གིས་ ནང་སྲིད་དང་སྲོལ་འཛིན་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་དང་ ཁོ་གིས་ སྲིད་དོན་ནང་ བཅའ་མར་མ་གཏོགས་པའི་ཧེ་མ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་སྦེ་ ཕྱག་ཞུ་ནུག

འདི་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པ་གཞི་བཙུགས་འབད་མི་ མི་ངོམ་གཙོ་ཅན་ཅིག་ཨིན་མི་ སྤུ་ན་ཁ་ གླིང་མུ་ཁ་་་་སྟོད་ཝང་འདེམས་ཁོངས་ནང་ལས་ དྲོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ ཕྱི་འབྲེལ་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་དང་ ཁོ་གིས་ ཨ་ལུའི་གྲོས་སྟོན་པ་དང་ མི་དམངས་གསོ་བའི་ཞིབ་འཚོལ་དང་འཕྲུལ་རིག་གི་ གྲོས་སྟོན་པ་སྦེ་ཕྱག་ཞུ་ནུག

དེ་ལས་ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་འདེམས་ཁོངས་ནང་ལས་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ བརྒྱུད་འབྲེལ་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་དང་ ཁོ་གིས་ སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ཚོད་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་སྟེ་ཡོདཔ་ཨིན།

ད་རུང་ ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་འདེམས་ཁོངས་ནང་ལས་ ཇའི་བིར་རའི་གིས་ ཤེས་རིག་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་དང་ ཁོ་གིས་ སྒེར་གྱི་ལས་སྡེ་ནང་ལུ་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ གྲོས་སྟོན་གཙོ་འཛིན་པ་སྦེ་ ཕྱག་ཞུ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ བྱང་ཐིམ་ཕུག་འདེམས་ཁོངས་ནང་ལས་ བདེ་ཆེན་དབང་མོ་གིས་ གསོ་བའི་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་དང་ མོ་གིས་ མི་དམངས་གསོ་བའི་གྲོས་སྟོན་པ་དང་ མི་སྡེའི་གོང་འཕེལ་གྱི་ལས་དོན་ནང་ལུ་ ཕྱག་ཞུ་ནུག

དེ་ལས་ ཀྲོང་གསར་རྫོང་ཁག་ ནུབ་སྦིས་སྟང་སི་སྦྱིས་འདེམས་ཁོངས་ནང་ལས་ ཡེ་ཤེས་དཔལ་འབྱོར་གྱིས་ སོ་ནམ་དང་ནགས་ཚལ་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་དང་ ཁོ་གིས་ མི་དམངས་མཁོ་སྒྲུབ་ནང་ལུ་ ལས་འགུལ་མདོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་ཨིན་མས།

འདི་དང་གཅིག་ཁར་ བཀྲིས་སྒང་རྫོང་ཁག་ ར་དྷི་སག་སྟེང་འདེམས་ཁོངས་ནང་ལས་ རྡོ་རྗེ་ཚེ་རིང་གིས་ ཞབས་ཏོག་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་དང་ ཁོ་གིས་ ལྷན་ཁག་འདི་ནང་ལུ་རང་ བཟོ་རིག་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་ནུག

ད་རུང་ བསམ་རྩེ་རྫོང་ཁག་ རྡོ་ཕུག་ཅན་རྟ་ལྡིང་འདེམས་ཁོངས་ནང་ལས་ ལོག་ནཱད་ཤར་མ་གིས་ བསྟན་རྒྱས་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་དང་ ཁོ་གིས་ ལོ་༡༠ གྱི་རིང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ནང་ལུ་ ལུང་ཕྱོགས་འགོ་འཛིན་པ་སྦེ་ཕྱག་ཞུ་ནུག

འདི་བཟུམ་སྦེ་ སྤ་རོ་རྫོང་ཁག་ རྡོ་དཀར་ཤར་པ་འདེམས་ཁོངས་ནང་ལས་ རྣམ་རྒྱལ་ཚེ་རིང་གིས་ དངུལ་རྩིས་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་དང་ ཁོ་གིས་ འཛམ་གླིང་དངུལ་ཁང་དང་ འཛམ་གླིང་མ་དངུལ་གྱི་ལས་འགུལ་ནང་ལུ་ ལས་འགུལ་འགོ་འདྲེན་པ་སྦེ་ཕྱག་ཞུ་ནུག

དེ་ལས་ བཀྲིས་སྒང་རྫོང་ཁག་ ཁྲིམས་ཤིང་རྐང་པར་འདེམས་ཁོངས་ནང་ལས་ ཨྱོན་རྡོ་རྗེ་གིས་ ལས་གཡོག་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་དང་ ལྷན་རྒྱས་ཚུ་གི་གྲལ་ལས་ གཞོན་ཤོས་ཅིག་ཨིན་མས།

ཁོ་གིས་ བཙག་འཐུ་ནང་བཅའ་མར་མ་གཏོགས་པའི་ཧེ་མ་ ཕྱི་འབྲེལ་ལྷན་ཁག་ནང་ལུ་ ཕྱག་ཞུ་ཡོདཔ་ཨིན་མས།

ད་རུང་ ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབང་ཕྱུག་རྣམ་རྒྱལ་ལུ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་དང་ མཁས་དབང་པདྨ་རྒྱ་མཚོ་ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་གི་ བདག་རྐྱེན་གནང་ཡོདཔ་ཨིན།

བློན་ཆེན་གྱི་དབུ་ཁྲིད་མཛད་དེ་ བློན་པོ་ལྷན་རྒྱས་དང་ ཚོགས་དཔོན་ཚུ་གྱི་ ལྷན་རྒྱས་གཞུང་ཚོགས་ཀྱི་ཞལ་འཛོམས་ཁང་ནང་སྦེ་ ཁས་བླངས་དམ་བཅའ་ཕུལ་ཡོདཔ་ཨིན།