གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོའི་གདམ་ངོ་ཚུ་ གཞུང་འབྲེལ་དུ་ གསལ་བསྒྲགས་འབད་དེ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༣ ༢༠༡༨

༉ འབྲུག་མཉམ་རུབ་ཚོགས་པ་གིས་ ད་རིས་ གནས་ཚུལ་ཞལ་འཛོམས་ཅིག་ཚོགས་པའི་སྐབས་ བློན་ཆེན་ དྲོག་ཊར་ བློ་གྲོས་ཚེ་རིང་གིས་ སྤྱི་ཚོགས་༣པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོའི་གདམ་ངོ་ཚུ་ གཞུང་འབྲེལ་དུ་ གསལ་བསྒྲགས་འབད་དེ་ཡོདཔ་ཨིན།

བློན་པོའི་གདམ་ངོ་ཚུ་ཡང་ ཤར་ཕྱོགས་དང་ལྷོ་ཕྱོགས་ དེ་ལས་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ལས་ གདམ་ངོ་གསུམ་རེ་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ལས་ གཅིག་འབད་དེ་འདུག

མོང་སྒར་རྫོང་ཁག་ མོང་སྒར་འདེམས་ཁོངས་ནང་ལས་ དྲག་ཤོས་ཤེས་རབ་རྒྱལ་མཚན་འདི་ ནང་སྲིད་དང་སྲོལ་འཛིན་བློན་པོ་སྦེ་ གསལ་བསྒྲགས་འབད་དེ་ཡོདཔ་ད་ ཁོ་གིས་ སྲིད་ཚོགས་ནང་བཅའ་མར་མ་གཏོགས་པའི་ཧེ་མ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་སྦེ་ ཕྱག་ཞུ་ནུག

འདི་བཟུམ་སྦེ་ ཀྲོང་གསར་རྫོང་ཁག་ ནུབ་སྦིས་སྟང་སི་སྦྱིས་འདེམས་ཁོངས་ནང་ལས་ ཡེ་ཤེས་དཔལ་འབྱོར་གྱིས་ སོ་ནམ་དང་ནགས་ཚལ་བློན་པོ་སྦེ་ ཕྱག་ཞུ་ནི་ཨིན་མས།

ཁོ་གིས་ གིརིན་པབ་ལིག་པོརོ་ཀུའོ་མེནཊི་ཟེར་མི་ མི་དམངས་མཁོ་སྒྲུབ་ནང་ལུ་ ལས་འགུལ་མདོ་ཆེན་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ནང་ སྲིད་བྱུས་ཀྱི་གྲོས་སྟོན་པ་སྦེ་ ཕྱག་ཞུ་བའི་ཉམས་མྱོང་ཚུ་ཡོདཔ་ཨིན་མས།

དེ་ལས་ སྤུ་ན་ཁ་རྫོང་ཁག་ གླིང་མུ་ཁ་སྟོད་ཝང་འདེམས་ཁོངས་ནང་ལས་ དྲོག་ཊར་ རྟ་མགྲིན་རྡོ་རྗེ་འདི་ ཕྱི་འབྲེལ་བློན་པོ་སྦེ་ གསལ་བསྒྲགས་འབད་དེ་ཡོདཔ་ད་ ཁོ་ར་ འབྲུག་མཉམ་རུབ་ཚོགས་པ་གཞི་བཙུགས་འབད་མི་ མི་ངོམ་གཙོ་ཅན་ཅིག་ཡང་ཨིན་མས།

ཁོ་ལུ་ ཨ་ལུའི་གྲོས་སྟོན་པ་དང་ མི་དམངས་གསོ་བའི་ཞིབ་འཚོལ་པ་ དེ་ལས་ ཁྱད་རིག་གི་གྲོས་སྟོན་པ་སྦེ་ ཕྱག་ཞུ་བའི་ཉམས་མྱོང་ཚུ་ཡོདཔ་ཨིན་མས།

འདི་དང་གཅིག་ཁར་ བསམ་རྩེ་རྫོང་ཁག་ རྡོ་ཕུག་ཅན་རྟ་ལྡིང་འདེམས་ཁོངས་ནང་ལས་ ལོག་ནཱད་ཤར་མ་གིས་ བསྟན་རྒྱས་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་ད་ ཁོ་གིས་ ལོ་༡༠གྱི་རིང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ནང་ལུ་ ལུང་ཕྱོགས་འགོ་འཛིན་པ་སྦེ་ ཕྱག་ཞུ་ནུག

འདི་བཟུམ་སྦེ་ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་འདེམས་ཁོངས་ནང་ལས་ ཀརྨ་རྡོ་གནོན་དབང་འདུས་འདི་ བརྒྱུད་འབྲེལ་བློན་པོ་སྦེ་ གསལ་བསྒྲགས་འབད་དེ་ཡོདཔ་ཨིན།

ཁོ་གིས་ སྤྱི་ལོ་༢༠༠༨ལས་སྤྱི་ལོ་༢༠༡༣ཚུན་ཚོད་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་སྟེ་ཡོདཔ་ཨིན།

ད་རུང་ ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་འདེམས་ཁོངས་ནང་ལས་ ཇའི་བིར་རའི་གིས་ ཤེས་རིག་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་ད་ ཁོ་ལུ་ ཨེ་ཨེམ་ཇེ་གུརུཔ་ཨོཕོ་བི་ཟི་ནེསིའི་གི་ལས་སྡེ་ནང་ལུ་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ གྲོས་སྟོན་གཙོ་འཛིན་པ་ དེ་ལས་ སྦྱོང་བརྡར་བྱིན་མི་ཅིག་སྦེ་ ཕྱག་ཞུ་བའི་ཉམས་མྱོང་ཚུ་ཡོདཔ་ཨིན་མས།

དེ་ལས་ བྱང་ཐིམ་ཕུག་འདེམས་ཁོངས་ནང་ལས་ བདེ་ཆེན་དབང་མོ་འདི་ གསོ་བའི་བློན་པོ་སྦེ་ གསལ་བསྒྲགས་འབད་དེ་ཡོདཔ་ད་ མོ་ལུ་ ལོ་༨ཀྱི་རིང་ལུ་ མི་དམངས་གསོ་བའི་གྲོས་སྟོན་པ་དང་ མི་སྡེའི་གོང་འཕེལ་གྱི་ལས་དོན་ནང་ལུ་ ཕྱག་ཞུ་བའི་ཉམས་མྱོང་ཚུ་ཡོདཔ་ཨིན་མས།

ད་རེས་ ལྷན་རྒྱས་གཞུང་ཚོགས་ནང་ལུ་ ཨམ་སྲུའི་བློན་པོ་འདི་ཡང་ མོ་རྐྱངམ་ཅིག་རང་ འོང་ནི་ཨིན་མས།

འདི་བཟུམ་སྦེ་ སྤ་རོ་རྫོང་ཁག་ རྡོ་དཀར་ཤར་པ་འདེམས་ཁོངས་ནང་ལས་ རྣམ་རྒྱལ་ཚེ་རིང་གིས་ དངུལ་རྩིས་བློན་པོ་སྦེ་ ཕྱག་ཞུ་ནི་ཨིནམ་ད་ ཁོ་གིས་ འཛམ་གླིང་དངུལ་ཁང་དང་ འཛམ་གླིང་མ་དངུལ་གྱི་ལས་འགུལ་ནང་ལུ་ ལས་འགུལ་འགོ་འདྲེན་པ་སྦེ་ ཕྱག་ཞུ་ནུག

བཀྲིས་སྒང་རྫོང་ཁག་ ར་དྷི་སག་སྟེང་འདེམས་ཁོངས་ནང་ལས་ རྡོ་རྗེ་ཚེ་རིང་འདི་ ཞབས་ཏོག་བློན་པོ་སྦེ་ གསལ་བསྒྲགས་འབད་དེ་ཡོདཔ་ད་ ཁོ་གིས་ ལོ་༧གྱི་རིང་ ཞབས་ཏོག་ལྷན་ཁག་ནང་ལུ་ བཀོད་ཁྱབ་བཟོ་རིག་འགོ་དཔོན་དང་ བཀོད་ཁྱབ་བཟོ་རིག་འགོ་དཔོན་འོགམ་སྦེ་ ཕྱག་ཞུ་ནུག

དེ་ལས་ བཀྲིས་སྒང་རྫོང་ཁག་ ཁྲིམས་ཤིང་རྐང་པར་འདེམས་ཁོངས་ནང་ལས་ ཨྱོན་རྡོ་རྗེ་གིས་ ལས་གཡོག་བློན་པོ་སྦེ་ ཕྱག་ཞུ་ནི་ཨིན་མས།

ཁོ་གིས་ ཕྱི་འབྲེལ་ལྷན་ཁག་ནང་ལུ་ ལོ་༥དེ་ཅིག་ཕྱག་ཞུ་ཡོདཔ་ད་ ཁོ་ར་ སྐྱེས་ལོ་༣༢ལང་པའི་བསྒང་ལས་རང་ བློན་པོ་ལྷན་རྒྱས་ཀྱི་གོ་གནས་བཞེས་མི་ཅིག་འབདཝ་ལས་ བློན་པོ་གཞོན་ཤོས་ཅིག་སྦེ་ འོང་ནི་ཨིན་མས།

བློན་པོ་ལྷན་རྒྱས་ཀྱི་ཕྱག་འགན་ཚུ་ཡང་ འདེམས་ངོ་རང་སོའི་ ལྕོགས་གྲུབ་དང་ཁྱད་རིག་ལུ་བལྟ་སྟེ་ གདམ་འཐུ་འབད་ཡོདཔ་ཨིན་མས།

 བློན་ཆེན་ དྲོག་ཊར་ བློ་གྲོས་ཚེ་རིང་གིས་གསུངས་མི་ནང་ གཞུང་གསརཔ་གིས་ གཞན་མི་སྲིད་དོན་ཚོགས་པའི་འགོ་ཁྲིདཔ་ཚུ་ག་རང་ བཀོད་ཚོགས་ནང་ལུ་ གྲལ་ཁར་བཏོགས་བཅུག་ཞིན་ན་ སྤྱི་ལོ་༢༠༤༥གི་ དམིགས་དོན་བསྒྲུབ་ཐབས་ལུ་ རང་སོའི་ཚོགས་པའི་ཁས་བླངས་ཚུ་ མཉམ་སྡེབ་འབད་ནི་ཟེར་གསུངས་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་ལུ་ བདག་རྐྱེན་འདི་ཡང་ གཟའ་ཕུརཔ་གི་ཚེས་ གནང་ནི་ཨིན་མས།